ང་ནི་ཨ་ཕ་ཞིག་ཡིན་། ང་ནི་དགེ་རྒན་ཞིག་ཡིན།

ཆོས་དབྱིངས་རྒྱ་མཚོ།        2020-09-18

《སློབ་གསོ་ལག་ལེན་རྣམ་བཤད》བཀླགས་རྗེས་ཀྱི་མྱོང་ཟིན།

ང་ནི་ཨ་ཕ་ཞིག་ཡིན། ང་ནི་དགེ་རྒན་ཞིག་ཡིན།

གཅིག

༢༠༡༤ལོར། ང་ནི་ཆུང་དུས་ཀྱི་ཕུགས་བསམ་ལྟར་དགེ་རྒན་གྱི་ལས་རྐང་ལ་ཞུགས། སྐབས་དེར་ང་རང་ཕོ་ལོ་བཅུ་དགུ་ཡིན།

༢༠༡༦ལོར། ང་ལ་ལས་དབང་གི་བསྐོས་ཐང་བཞིན་ཨ་ཕ་ཞེས་པའི་འགན་ཁུར་བབས། སྐབས་དེར་ང་རང་ཕོ་ལོ་ཉེར་གཅིག་ཡིན།

༢༠༢༠ལོ་སྟེ། ང་རང་ཕོ་ལོ་ཉེར་ལྔར་སླེབས་པའི་སྐབས་འདིར། ང་ནི་བུ་གཉིས་དང་བུ་མོ་གཅིག་གི་ཨ་ཕར་གྱུར་ཟིན་ལ། སློབ་མ་བརྒྱ་ཕྲག་ཁ་ཤས་ལ་སློབ་ཁྲིད་དང་ལམ་སྟོན་བྱེད་མཁན་གྱི་དགེ་རྒན་ཞིག་གི་མིང་ཁུར་མཁན་ཡང་ཡིན།

གཉིས།

ངའི་ཆུང་དུས་ཀྱི་ཕུགས་བསམ་མངོན་གྱུར་བྱུང་ཞིང་། འཇིག་རྟེན་མཐུན་འཇུག་གི་བྱ་བ་ཐམས་ཅད་ཀྱང་ལྟོས་བཅས་ཀྱིས་འགྲུབ་ཀྱིན་པའི་ཚུལ་དུ་སྣང་མོད། འོན་ཀྱང་། སྐབས་འདིར་ང་ལ་ང་རྒྱལ་དང་དཔའ་གདེང་ཅི་ཡང་མི་འདུག་ལ། བློ་ཡིད་ཚིམ་པ་དང་ངོམ་རི་བའི་གྲུབ་འབྲས་ཅི་ཡང་མེད་པར། ལྡོག་སྟེ་ངོ་གནོང་དང་འགྱོད་གདུང་གི་སེམས་ཁམས་ཤིག་གིས་ཕྱི་ནང་གཉིས་ཀ་གཙེས་པར་བྱེད།

གསུམ།

ངའི་བུ་ཆེ་བ་བསྟན་འཛིན་ནོར་བུ་དང་ཆུང་བ་བསྟན་འཛིན་རབ་དཀར་གཉིས་ཀྱིས་ད་ལྟ་སྐད་ཆ་ཁྲལ་ཁྲོལ་ཤོད་ཀྱིན་ཡོད་མོད། འོན་ཀྱང་། ཨུ་ཚུགས་མཐར་སྐྱེལ་མ་བྱས་ན། ང་དང་ངའི་ཆུང་མ་གཉིས་ལ་ཨ་ཕ་དང་ཨ་མ་ཞེས་འབོད་མི་སྲིད་དེ། གོམས་གཤིས་ལྟར་ངའི་མ་རྒན་དྲིན་མོ་ཆེ་དང་ཕ་ཚབ་བྱམས་སེམས་ཅན་གཉིས་ལ་ཨ་ཕ་དང་ཨ་མ་ཞེས་འབོད་རྒྱུ་ལོབས་འདུག དེ་ལའང་ཁག་དཀྲི་ས་གང་ཡང་མེད་དེ། བུ་ཆུང་གཉིས་ནི་ཆུང་དུས་ནས་ངའི་ཕ་མ་གཉིས་ཀྱིས་གཉོར་སྐྱོང་བྱས་ནས་ནར་སོན་སྟབས། ཁོ་གཉིས་ཀྱི་སྣང་ངོར་ངའི་ཆུང་མ་ངེད་གཉིས་ནི་ཕུ་བོ་དང་ཨ་ཅེའམ་ཡང་ན་ཨ་ཁུ་དང་ཨ་ནེ་ཙམ་ཡིན་པའི་སྣང་བ་ཤར་གྱིན་འདུག ནམ་རྒྱུན་སེམས་སྡུག་ནས་ངུ་ཅོར་བྱེད་དུས་ཀྱང་ངའི་ཕ་མ་གཉིས་ཀ་མ་གཏོགས་སུའང་ཉེ་བར་གཅར་དུ་མི་འཇུག་ལ། ཁོང་གཉིས་མ་གཏོགས་སུས་ཀྱང་ངུ་ཁ་ལེན་ཐུབ་ཀྱིན་མེད།སྤྱིར་ཡིན་ན་ད་ལྟར་བུ་ཆུང་གཉིས་ཀ་ང་རང་གིས་ཁྲིད་དེ་གསོ་སྐྱོང་བྱེད་བཞིན་ཡོད་ནའང་།འཇིག་རྟེན་དུ་སླེབས་ནས་ཡུན་རིང་མ་འགོར་བའི་ངའི་བུ་མོ་ཆུང་ཆུང་བསྟན་འཛིན་ལྷ་མོ་སླར་ཡང་ཁོང་གཉིས་ཀྱིས་གཉོར་བཞིན་ཡོད་པས། མ་འོངས་པར་བུ་མོའང་ཕུ་བོ་གཉིས་ཀ་ལྟར་ངའི་ཕ་མ་གཉིས་ཀ་མ་གཏོགས་གཞན་སུ་ཡང་མི་དགོས་མཁན་ཞིག་ཏུ་འགྱུར་ཡང་སྲིད།

དོན་དམ་པར་བཤད་ན། དེ་ནི་ངས་ཨ་ཕ་ཞིག་གི་འགན་འཁྲི་མ་ཐེགས་པ་ཡིན་ལ། ངས་བུ་ཕྲུག་ཅིག་གི་འོས་འགན་མ་འགྲུབ་པའང་ཅི་ལ་མིན། ངས་ཨ་ཕ་ཞིག་གི་འགན་འཁྲི་མ་ཐེགས་པ་ཡིན་ཏེ། ཐ་ན་རང་གི་བུ་ཕྲུག་རྣམས་རང་གི་ངལ་རྩོལ་ལ་བརྟེན་ནས་གསོ་སྐྱོང་བྱེད་མ་ཐུབ། ངས་བུ་ཕྲུག་ཅིག་གི་འོས་འགན་མ་འགྲུབ་པའང་ཡིན་ཏེ། ཕ་མ་གཉིས་ཀར་སྲི་ཞུ་སྒྲུབ་མ་ཐུབ་པའི་ཁར། རང་གི་བྱིས་པ་རྣམས་ཀྱང་ཁོང་གཉིས་ཀྱི་གམ་དུ་བསྐྱལ་ནས་ལུས་སེམས་གཉིས་ཀ་དཀའ་ངལ་མང་ཙམ་ལ་གཏད།

བཞི།

ང་རང་དགེ་རྒན་གྱི་ལས་རྐང་དུ་ཞུགས་ནས་ད་བར་དུ། ངས་ལོ་རིམ་དང་པོ་དང་གཉིས་པ། བཞི་པ། ལྔ་པ། དྲུག་པ་བཅས་སུ་བོད་ཡིག་དགེ་རྒན་དང་འཛིན་བདག་དགེ་རྒན་གྱི་འགན་ཁུར་མྱོང་ལ། རྩོམ་འབྲིའི་དགའ་ཕྱོགས་དང་རྨང་གཞི་ཡོད་པའི་སློབ་མ་རྣམས་ལ་རྩོམ་འབྲིའི་ཤེས་བྱ་དང་ལག་ལེན་གྱི་ཐད་ནས་མཛུབ་སྟོན་ཅུང་ཙམ་ཡང་བྱས་པ་ཡིན་མོད། འོན་ཀྱང་། ད་བར་དུ་བློ་སེམས་གཅིག་ཏུ་བསྒྲིམས་ཤིང་ཐབས་ལམ་ཡང་དག་པའི་སྒོ་ནས་འཛིན་གྲྭ་ཞིག་གམ་ཡང་ན་སློབ་མ་ཞིག་གསོ་སྐྱོང་ཐུབ་ཡོད་མེད་ནི་ཐེ་ཚོམ་དང་སེམས་ཁྲལ་བྱེད་དགོས་པའི་གནས་ཤིག་ཏུ་གྱུར་འདུག

དྲང་མོར་བཤད་ན། ང་ནི་འབྲིང་གཉེར་ལས་སློབ་ཐོན་བྱུང་རྗེས་ཐད་ཀར་དགེ་རྒན་གྱི་ལས་རྐང་དུ་ཞུགས་སྟབས། ངས་སློབ་གྲྭ་ནས་སློབ་གསོ་རིག་པ་དང་སེམས་ཁམས་རིག་པ་སོགས་ཆེད་ལས་ཀྱི་ཤེས་བྱ་མང་པོ་ཞིག་འཐུས་སྒོ་ཚང་བ་དང་གནད་ལ་ཁེལ་བའི་ངང་ནས་སྦྱངས་མ་ཐུབ་ལ། ང་རང་ཐོག་མར་དགེ་རྒན་གྱི་ལས་རྐང་དུ་ཞུགས་དུས་སུ་ཐ་ན་དགེ་རྒན་ལག་ཁྱེར་ཞིག་ཀྱང་མེད་པས། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་ང་ནི་ཁྲིམས་མཐུན་ལུགས་མཐུན་གྱི་དགེ་རྒན་ཚད་ལྡན་ཞིག་གཏན་ནས་མ་ཡིན་པར། རང་གི་ཁ་གསོ་རྒྱབ་འགེབས་ཀྱི་ཆེད་དུ་དགེ་རྒན་ཞེས་པའི་མིང་བྱང་རྫིག་པོ་ཞིག་ཨུ་ཚུགས་ཀྱིས་ཁུར་ཅིང་རང་གཞན་ཀུན་གྱི་མགོ་བསྐོར་ནས་དུས་ཚོད་ཆུད་ཟོས་སུ་བཏང་བ་ཁོ་ན་རང་རེད་འདུག

ལྔ།

སློབ་གསོ་ལ་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་སྟེ་དབྱེ་བ་གསུམ་དང་ལྡན་པ་ལས་སྔ་མ་གཉིས་ནི་ཏན་ཏན་ང་ཡི་ཕྲག་སྟེང་དུ་ལྷུང་བའི་ཁྲེས་པོ་ལྗིད་པོ་གཉིས་ཡིན་ལ། ཏག་ཏག་ང་ཡིས་མ་སྒྲུབ་ཐབས་མེད་ཀྱི་བྱ་བ་རླབས་ཆེན་གཉིས་ཀྱང་ཡིན་མོད། འོན་ཀྱང་། རང་ཉིད་ཀྱི་མིག་སྔའི་གནས་སྟངས་དང་སློབ་གསོ་སྒྲུབ་སྟངས་ལ་བསམ་གཞིག་བཏང་ན། སློབ་གསོའི་གལ་ཆེན་རང་བཞིན་ལ་འདུ་ཤེས་ཅུང་ཙམ་ཆགས་ཡོད་ནའང་། བློ་སེམས་རྣལ་དུ་མ་གནས་པའམ་བག་ཡོད་མ་བརྟེན་པའི་དུས་སྐབས་མང་པོ་ཞིག་ཏུ་སློབ་གསོའི་ལག་ལེན་ནམ་སློབ་གསོའི་ཐབས་ལམ་ལ་ནོར་འཁྲུལ་དང་གོ་འཛོལ་བྱུང་དང་འབྱུང་བཞིན་པའི་རྟགས་མཚན་བདོག་ལ། སྐབས་དང་སྐབས་སུ་མ་རྟོགས་ལོག་རྟོགས་ཀྱི་དབང་གིས་མང་པོ་ཞིག་ལམ་ནོར་ལ་འཁྲིད་ཀྱིན་པའི་འཇིགས་སྣང་ཡང་མ་སྐྱེས་པ་ག་ལ་ཡིན།

དྲུག

༢༠༡༦ལོ་ནས་བཟུང་། ང་ལའང་ཨ་ཕ་ཞིག་གི་མིང་ཐོགས་ཤིང་ཨ་ཕ་ཞིག་གི་འོས་འགན་ཕྲག་སྟེང་དུ་བབས་ནའང་། ངས་ད་བར་དུ་རང་གི་བྱིས་པ་ཚོར་གོམ་པ་སྤོ་ལུགས་དང་སྐད་ཆ་བཤད་སྟངས། གོན་པ་གྱོན་ལུགས། རང་ལུས་ལ་གཙང་སྦྲ་དང་བདག་གཅེས་བྱེད་ཚུལ་སོགས་ཅི་ཡང་སློབ་མ་མྱོང་སྟེ། ཡོད་ཚད་ཐམས་ཅད་བདག་གི་ཨ་མ་དྲིན་མོ་ཆེས་ལུས་སེམས་གཉིས་ཀྱི་དཀའ་ཚེགས་ལ་མ་འཛེམ་པར་ཉིན་མཚན་དུས་དྲུག་ཏུ་བསླབས་པ་ཡིན་སྟབས། དོན་དམ་དུ་བརྗོད་ན། ངའི་མ་རྒན་ནི་ངེད་ཕ་བུ་བཞི་པོའི་ཨ་མ་ཡིན་ཏེ། ཁོ་མོ་གཅིག་པུས་བྱམས་དང་བརྩེ་བ་ཆེན་པོས་ངེད་ཅག་ཕ་བུ་བཞི་པོ་ཆུང་ཆུང་ཤིག་ལྟ་བུ་ནས་ཆེན་པོ་གཡག་ལྟ་བུར་གསོ་སྐྱོང་བྱས་པ་ཡིན། ཐ་ན་ངའི་བུ་ཆུང་གཉིས་ཀྱིས་བོད་སྐད་ཁྲལ་ཁྲོལ་བཤད་ཤེས་པའང་ཨ་མ་ཁོ་ནའི་འབད་བརྩོན་དང་ཨུ་ཚུགས་ལ་བརྟེན་པ་ཡིན། དེ་བས། ངས་ད་བར་དུ་ཨ་ཕ་ཞིག་གི་འོས་འགན་འགྲུབ་མེད་ལ། ཨ་ཕ་ཞིག་གི་མིག་དཔེའང་སྟོན་ཐུབ་མེད་པས། སྐབས་མང་པོ་ཞིག་ལ་རང་ཉིད་རང་ཉིད་ལ་ངོ་གནོངས་དགོས་པ་ཞིག་རེད།

བདུན།

༢༠༡༤ལོ་ནས་བཟུང་། ངས་དགེ་རྒན་ཞེས་པའི་མིང་བྱང་རྫིག་པོ་ཞིག་ཁུར་ཏེ་སློབ་མ་བརྒྱ་ཕྲག་དུ་མ་བསྐྱངས་པ་ཡིན་མོད། འོན་ཀྱང་། སློབ་ཁྲིད་དང་སློབ་གསེང་གི་དུས་སྐབས་གང་མང་ཞིག་ཏུ། ངས་ཀྱང་རྒྱུགས་དམིགས་སློབ་གསོ་ཁོ་ནའི་ཕྱོགས་ལ་འབད་འབུངས་བྱེད་ཀྱིན་འདུག་ལ། ཤེས་རིག་འབའ་ཞིག་གི་ཆེད་དུ་བརྩོན་པ་བྱས་ཏེ། སློབ་མ་ཚོའི་རྒྱུད་ལ་བདེན་པ་བདེན་ཐུབ་དང་དྲང་པོ་དྲང་བཞག་གི་མི་གཤིས་ལེགས་པོ་ཞིག་གསོ་སྐྱོང་བྱེད་ཐུབ་ཀྱིན་མེད་པའི་ཁར། སྐབས་མང་པོ་ཞིག་ཏུ་རང་ཉིད་ཀྱི་བྱ་སྤྱོད་ཡ་མ་བརླ་དག་གིས་སློབ་མ་ཚོར་ཤུགས་རྐྱེན་དང་བག་ཆགས་ངན་པ་འཇོག་བཞིན་འདུག འདི་དག་ལ་བསམས་ན། ངས་རང་ཉིད་དགེ་རྒན་ཞིག་ཡིན་ཞེས་བཤད་ན་ངོ་གནོངས་དགོས་པ་ཞིག་དང་། ངས་རང་ཉིད་སློབ་གསོ་བ་ཞིག་ཡིན་ཞེས་ལབ་ན་ཞེ་ཁྲེལ་དགོས་པ་ཞིག་ཅི་ལ་མིན།

བརྒྱད།

མདོར་ན། ང་ནི་ཨ་ཕ་ཞིག་ཡིན། ང་ནི་དགེ་རྒན་ཞིག་ཀྱང་ཡིན། འོན་ཀྱང་། ང་ནི་ཚུལ་མཐུན་གྱི་ཨ་ཕ་ཞིག་མིན། ང་ནི་ཡང་དག་པའི་དགེ་རྒན་ཞིག་ཀྱང་མིན།

བརྩེ་བའི་ཀློག་པ་པོ་ལགས།ཁྱེད་རང་ཚུལ་མཐུན་གྱི་ཨ་ཕའམ་ཨ་མ་ཞིག་ཡིན་ནམ།ཁྱེད་རང་ཡང་དག་པའི་དགེ་རྒན་ཞིག་ཡིན་ནམ།

  • ལེ་ཚན་སྔོན་མ།:འཇིག་རྟེན་ལེགས་སྨོན་གྱི་གཏམ།
  • ལེ་ཚན་རྗེས་མ།:ད་ལྟའི་བདེ་སྐྱིད།