ཁྱིམ་གཞིས་གསར་པར་སྤོས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ།

དབྱངས་ཅན་གྱིས་བསྒྱུར་ཞུས་བྱས།        2020-09-16

རང་ཁུལ་གྱིས་གནས་སྤོས་ཏེ་དབུལ་སྐྱོར་བྱས་པའི་དངོས་བྲིས།

ཁྱིམ་གཞིས་གསར་པར་སྤོས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ།

གསེར་ཐར་རྫོང་གི་རྫོང་མཁར་གཉིས་པ་ཞེས་པའི་མཚན་སྙན་ཡོད་པའི་གསེར་ཁོག་གྲོང་རྡལ་བདེ་སྐྱིད་གྲོང་སྡེ་དང་པོའི་གནས་སྤོས་ཏེ་དབུལ་སྐྱོར་བྱེད་པའི་གཅིག་བསྡུས་བཀོད་སྒྲིག་བྱེད་ས།

    བོད་ཀྱི་ཁྱད་ཆོས་ལྡན་པའི་བཀོད་མཛེས་ཡིད་འོང་གི་སྡོད་ཁང་དང་། གཙང་ཞིང་གྲ་འགྲིག་པའི་གྲོང་བགྲོད་གཞུང་ལམ། ཡངས་ཤིང་བག་ཕེབས་ཀྱི་རིག་གནས་ཐང་ཆེན། བྱེད་ནུས་ཚང་པའི་བདེ་སྲུང་ཡོ་བྱད་བཅས་དང་། དཔྱིད་རླུང་དར་བུར་ལྡང་ཞིང་མཁའ་དབུགས་གཙང་ལ་མེ་ཏོག་སྣ་ལྔའི་དྲི་ཞིམ་འཐུལ་བར་ཞེན་ཆགས་ནས་ལོག་མི་འདོད་པའི་ས་དེ་ནི་སྡེ་དགེ་རྫོང་ལྕང་ར་ཡུལ་ཤོག་གི་གནས་སྤོས་གྲོང་གསར་བཀོད་སྒྲིག་བྱ་ཡུལ་གཡུ་ཐོག་གྲོང་སྡེའི་མཛེས་ལྗོངས་ཡིན་པ་རེད།

གཡུ་ཐོག་གྲོང་གསར་གྱི་འགྱུར་ལྡོག་ཆེན་པོ་ནི་རང་ཁུལ་གྱིས་གནས་སྤོས་ཏེ་དབུལ་སྐྱོར་བྱས་པའི་གསོན་ཉམས་དོད་པོའི་མཚོན་དཔེ་རང་བཞིན་ཡིན་ཞིང་། རང་ཁུལ་གྱིས་ཁྱིམ་གཞིས་དབུལ་ཕོངས་སྤོས་པ་དང་། དབུལ་ཕོངས་གྱི་རྩ་བ་གཅོད་པ། དབུལ་ཕོངས་ཀྱི་ལས་རིགས་བསྒྱུར་བ་བཅས་བྱ་རྒྱུ་དེ་གཞི་རྩ་བཅོས་པའི་ཐབས་ཤེས་ཤིག་ཏུ་བརྩིས་ནས། ཚན་རིག་དང་མཐུན་པའི་འཆར་འགོད་ཞིབ་ཕྲ་དང་། འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། དོ་དམ་ཞབས་ཞུ་བྱེད་ཐབས་བཟང་འགྱུར་བཅས་བྱས་ཏེ་གནས་སྤོས་ནས་དབུལ་སྐྱོར་ལས་འགན་ལེགས་འགྲུབ་བྱུང་ནས། གནས་སྤོས་ཏེ་དབུལ་སྐྱོར་བྱས་པའི་མང་ཚོགས་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོབ་ཡོད།

  ཁྱིམ་གཞིས་དབུལ་ཕོངས་ནས་མང་ཚོགས་ཁྲི་ལྔ་སྤོས།

   རང་ཁུལ་གྱི་གནས་སྤོ་བྱེད་མཁན་དུད་ཚང13348ཀྱི་མི་གྲངས53568ཡོད་པས། ཞིང་ཆེན་ཡོངས་ཀྱི་འཆར་གཞིའི་བརྒྱ་ཆ3.9ལ་ཟིན་ནས་གནས་སྤོ་མི་འབོར་གྱི་གཞི་ཁྱོན་ཞིང་ཆེན་ཡོངས་ཀྱི་ཨང་བརྒྱད་པ་ཡིན། གཞི་ཁྱོན་ཆེ་ལ་ལས་འགན་ལྕི་བ་དང་། དཀའ་ཚེགས་ཆེ་ལ་སྔར་མེད་ཀྱི་གནོན་ཤུགས་ལྡན་པ་རེད།

   མི་གྲངས་ཁྲི5ལྷག་གང་དུ་སྤོ་དགོས་པ་དང་ཇི་ལྟར་སྤོ་དགོས་པ་དེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་དང་འགན་འཁྲི་ལ་ཉམས་ཚོད་ཅིག་ལེན་པ་རེད། རང་ཁུལ་གྱིས་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་ཏེ་གནས་སྤོས་ཏེ་དབུལ་སྐྱོར་བྱེད་པའི་ལས་ཀར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    སེམས་ཁྲལ་བྱ་མི་དགོས་པ་གཉིས་དང་འགན་ལེན་བྱ་རྒྱུ་གསུམ་གྱི་གཙོ་གནད་ལས་ཀ་ལ་དམིགས་ནས། གཙོ་གནད་དུ་ཆེས་དབུལ་ཕོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ། ཆེས་དབུལ་ཕོངས་ཀྱི་གྲོང་སྡེ་དང་ཚོ་ཆུང་བཅས་གཞི་བཟུང་ནས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་གནས་སྤོས་ཏེ་དབུལ་སྐྱོར་བྱེད་པའི་ལས་ཀ་དེ་དབུལ་ཐར་འགག་སྒྲོལ་གྱི་ཐབས་ལམ་གཙོ་བོ་དང་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཏུ་བརྩིས་པ་རེད།

གནས་སྤོ་བྱེད་མཁན་ཕལ་ཆེར་དབུལ་པོའི་ནང་གི་དབུལ་པོ་དང་དཀའ་ངལ་ཆེ་ཤོས་ནང་གི་ཆེ་ཤོས་ཡིན། རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་བློར་བཅངས་ནས་སེམས་ཐག་གཙང་བཅད་ཀྱིས་དབུལ་སྐྱོར་གྱི་ཨར་ལས་འདི་དོན་འཁྱོལ་བྱ་རྒྱུ་སྐུལ་འདེད་བཏང་བ་རེད།

    2019ལོའི་སྤྱི་ཟླ12པར་རང་ཁུལ་གྱིས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི302644.16བཏང་ནས་དུད་ཚང་དབུལ་ཕོངས2956ཡི་མི་གྲངས11083གྱི་གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ88འཛུགས་སྐྲུན་བྱས་ཤིང་། དུད་ཚང373གྱི་མི་གྲངས1815ལྷན་དུ་གནས་སྤོས་པ། དུད་ཚང་དབུལ་ཕོངས10392ཀྱི་མི་གྲངས42485ཐར་ཐོར་དུ་བཀོད་སྒྲིག་བཅས་བྱས་པ་དང་། སྡོད་ཁང་རྙིང་པ13348བཤིག་པ་དང་། ས་ཞིང་སྨི་གྲུ་བཞི་ཁྲི57.11བསྐྱར་སློག་དང་སྐྱེ་ཁམས་སྨི་གྲུ་བཞི་ཁྲི128.301ཉམས་གསོ་བྱས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་གྱིས་འོག་རིམ་ལ་འགན་སྤྲད་པའི་གནས་སྤོས་ཏེ་དབུལ་སྐྱོར་བྱེད་པའི་ལས་འགན་ཡོངས་རྫོགས་གྲུབ་པ་རེད།

   ཁྱིམ་གཞིས་གསར་པ་བསྐྲུན་ནས་བདེ་སྡོད་ཀྱི་བསམ་དོན་གྲུབ།

   མཚོ་འཕགས་སྨི4300ཡོད་པའི་སེར་ཤུལ་རྫོང་སྡེ་གཞུང་མ་ཡུལ་ཤོག་ལུང་རིང་གྲོང་སྡེའི་གནས་སྤོས་ཏེ་དབུལ་སྐྱོར་བྱ་ཡུལ་གྱི་གྲོང་མི་མགོན་པོས་ཁྱིམ་གཞིས་གསར་པར་སྤོས་པའི་དགའ་སྤྲོའི་གླུ་ཆུང་དུས་དུས་སུ་ལེན་བཞིན་ཡོད།

ལོ་ན32ལོན་པའི་མགོན་པོ་ནི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། སྔོན་ཆད་ཁོ་རང་རུ་སྤོ་ཕྱུགས་འཚོའི་འཚོ་བ་སྐྱེལ་བཞིན་པའི་འབྲོག་པ་ཞིག་ཡིན་པས་དོན་དངོས་སུ་གཏན་འཇགས་ཀྱི་ཁྱིམ་གཞིས་ཤིག་གཏན་ནས་མེད་པ་རེད། དེང་སང་མི་གཅིག་ལ་སྨི་གྲུ་བཞི25ལས་མི་བརྒལ་བའི་ཚད་གཞི་ལྟར། མགོན་པོ་སྨི་གྲུ་བཞི45ལྡན་པའི་ཁང་མིག2ཅན་གྱི་སྡོད་ཁང་གསར་པར་སྤོས་པར་མ་ཟད། ད་དུང་སྡོད་ཁང་གསར་པར་སྒོར11000ཡི་ཁྱིམ་ཆས་གསར་པ་ཉོས་ཡོད། སྔོན་མ་དང་བསྡུར་ན་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སྡོད་ཁང་གསར་པའི་སྣང་འཆར་གླེང་སྐབས་མགོན་པོའི་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཡོད།

   ཞེང་ཚད་སྨི3ལྡན་པའི་ཨར་འདམ་ལམ་འཕྲེད་གཞུང་སྣོལ་མར་གནས་ཞིང་། སྡོད་ཁང་གསར་པ52དེ་གོ་རིམ་ལྟར་བཀོད་སྒྲིག་བྱས་ཡོད་པ་དང་། ལམ་སྒྲོན་དག་ལམ་གྱི་ཟུར་ན་ནགས་ཚལ་གྱི་སྡོང་པོ་ལྟར་འགྱིང་ངེས་ལངས་འདུག་ལ། ཁང་ཐོག་ནས་ཐབ་དུ་ལང་ལོང་དུ་ཕྱུར་བ་དང་། རྟ་ནོར་ལུག་རྣམས་བག་ཕེབས་ངང་རྩྭ་ཟ་བཞིན་ཡོད། ལུང་རིང་གྲོང་སྡེའི་ཀྲུའུ་རེན་བཀྲ་དགེས་ངོ་སྤྲོད་བྱས་དོན། གནས་སྤོ་བྱས་མེད་པའི་དུས་སུ་གྲོང་སྡེ་ཡོངས་ཀྱི་གནས་སྤོ་བྱེད་མཁན་དུད་ཚང52ནང་གི་དུད་ཚང་ཕྱེད་ཀ་ས་ཁང་དུ་བསྡད་ནས་སྡོད་ཁང་ཕལ་ཆེར་སྡོད་ཁང་ཐབས་ཆག་ཡིན། དུད་ཚང་ཕྱེད་ཀ་ནི་བྱེས་འགྲོ་སྦྲ་གུར་བསྡད་དེ་གཏན་འཇགས་ཀྱི་སྡོད་ཁང་ཞིག་རྩ་བ་ནས་མེད་པ་རེད། གནས་སྤོ་བྱས་རྗེས་ད་གཟོད་དངོས་སུ་ཁྱིམ་གཞིས་ཡོད་པས་ཚང་མའི་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད།

གནས་སྤོས་ཏེ་དབུལ་སྐྱོར་བྱེད་པའི་ལས་གཞི་དེ་བློ་བདེའི་ལས་གྲྭ་དང་། དྲོད་སྐྱིད་ཀྱི་ལས་གྲྭ། དམངས་འཚོའི་ལས་གྲྭ་ཞིག་ཏུ་འགྱུར་ཆེད། རང་ཁུལ་གྱིས་ནུས་ཤུགས་གང་ཡོད་བཏོན་པ་རེད།

     མི་སེར་གྱི་བདེ་སྡོད་ཀྱི་བསམ་དོན་འགྲུབ་དགོས་ན་སྤུས་ཚད་ཉེན་མེད་ཡོང་བ་ནི་བདེ་བར་སྡོད་པའི་སྔོན་འགྲོའི་ཆ་རྐྱེན་དང་མཐའ་ཚད་ཡིན། རིམ་པ་ཁག་གིས་ཨར་ལས་ཀྱི་ལྟ་སྐུལ་དོ་དམ་ཚོ་ཆུང་བཙུགས་ནས། གྲོང་མིའི་ལྟ་སྐུལ་ལས་འཛིན་ལྷན་ཚོགས་དང་གནས་སྤོ་མང་ཚོགས་ཐུན་མོང་དུ་ཨར་ལས་སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་བྱེད་པའི་གོ་རིམ་ཡོངས་སུ་ཞུགས་ནས། ཨར་ལས་དཔེ་རིས་སུ་ཇུས་འགོད་བྱས་པའི་ནང་དོན་དང་ལག་རྩལ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཏེ། ཨར་ལས་འཛུགས་སྐྲུན་གྱི་ཚད་གཞི་དང་སྤུས་ཚད་མཐོན་པོའི་སྒོས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས། འཛུགས་སྐྲུན་བྱས་ཟིན་པའི་སྡོད་ཁང་ལ་གྲོང་སྡེ་དང་། ཡུལ་ཤོག རྫོང་། ཁུལ་བཅས་རིམ་པ་བཞིས་རིམ་བཞིན་ཞིབ་བཤེར་རྩིས་ལེན་དང་མིང་ཐོ་བཀོད་ནས། ཨར་ལས་ཀྱི་སྤུས་ཚད་ཚད་དང་མཐུན་ཞིང་སྡོད་ཁང་བེད་སྤྱོད་གཏོང་བའི་ཚད་གཞི་དང་མཐུན་པར་ཁག་ཐེག་བྱས། ཞིབ་བཤེར་རྩིས་ལེན་བྱས་ཟིན་པའི་སྡོད་ཁང་དག་གནས་སྤོ་མང་ཚོགས་ཀྱི་ལག་ན་སྤྲད་པར་མ་ཟད། སྡོད་ཁང་སྤྲོད་ཟིན་པའི་གྲོས་མཐུན་ཡི་གེ་སྣོལ་འཇོག་བྱས་པ་དང་། རྗེས་མའི་དོ་དམ་སྲུང་སྐྱོང་གི་འགན་འཁྲི་གསལ་པོ་བྱས་ནས་སྡོད་ཁང་གི་སྤུས་ཚད་ཉེན་མེད་ཡོང་བར་འགན་ལེན་བྱས་པ་རེད།

   སྡོད་ཁང་གསར་པ་བསྐྲུན་ནས་དམངས་ཀྱི་སེམས་པ་རབ་ཏུ་གསོ། རང་ཁུལ་གྱིས་སྡོད་ཁང་ཡག་པོ་བསྐྲུན་པ་དང་ཆབས་ཅིག ཆུ་དང་། གློག ལམ། རིག་གནས། སློབ་གསོ། འཕྲོད་བསྟེན་སོགས་སྤྱི་པའི་རྨང་གཞིའི་སྒྲིག་ཆས་ཆ་ཚང་འཐུས་སྒོ་ཚང་དུ་བཏང་ཞིང་། ཆུ་དང་། གློག ལམ། ཆ་འཕྲིན། གློག་བརྙན་བཅས་ལྔ་ཤར་གཏོང་ཐུབ་པའི་ལས་གཞི་དང་ཨར་འདམ་གཞུང་ལམ་སྤྱི་ལེ403.1718 བསྐྲུན། གཞུང་ལམ་སྤྱི་ལེ50.95དང་། ཆུ་འདྲེན་ལྕགས་མདོང་སྟོང་སྨི310.88 གློག་དྲྭ་སྟོང་ཧྥུ222.869 འཐུང་ཆུའི་སྒྲིག་ཆས4 བྱེད་སྒོ་སྤེལ་ཁང2བཅས་གསར་འཛུགས་བྱས་པ་དང་ཆབས་ཅིག གཅིག་གྱུར་གྱིས་འཆར་འགོད་དང་བཀོད་སྒྲིག་བྱས་ནས། སྡོང་རིང་ལྗོན་ཤིང་དང་སྡོང་ཐུང་དང་། རྩྭ་རིགས་དང་ཤིང་སྣ། རྒྱུན་ལྗང་ལོ་མ་དང་མཛེས་ལྗོངས་བཅས་ཟུང་དུ་སྤེལ་རེས་ཀྱི་ཐབས་ཤེས་སྤྱད་ནས། སྡོད་ཁང་བཀོད་སྒྲིག་བྱ་ཡུལ་དུ་ལྗང་འགྱུར་བྱས་ཏེ་བཀོད་སྒྲིག་བྱེད་ཁུལ་གྱི་སྤུས་ཚད་ཇེ་ཡག་ཏུ་བཏང་བ་རེད།

    རྙིང་རལ་གྱི་སྡོད་ཁང་ནས་སྤྲོ་སྐྱིད་ཀྱི་སྡོད་ཁང་དུ་སྤོས། ད་ནས་བཟུང་རྙིང་རལ་གྱི་སྡོད་ཁང་དུ་དགུན་དུས་རླུང་ཕོགས་པ་དང་། དབྱར་དུས་ཆར་ཆུ་འཛག་པ། དུས་ནམ་ཡང་ཁང་པ་རྡིབ་འགྲོ་བའི་ཉེན་ཁ་སོགས་ལ་སེམས་ཁྲལ་བྱ་མི་དགོས་པ་དང་། མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྡོད་ཁང་གསར་པ་དག་མཛེས་པའི་ཡུལ་ལྗོངས་ཞིག་ཏུ་གྱུར་པས་གནས་སྤོས་མང་ཚོགས་སྐྱིད་སྣང་ཆེ་རུ་སོང་ཡོད།

ལས་ལམ་གསར་པར་བསྒྱུར་ནས་ཕྱུག་འགྱུར་གྱི་སྒོ་མོ་འབྱེད།

    གནས་སྤོ་རྐྱང་པ་བྱས་ནས་དབུལ་ཐར་ཕྱུག་འགྱུར་ཡོང་བའི་ངེས་པ་མེད། རྩ་བ་ནས་དབུལ་ཐར་ཕྱུག་འགྱུར་ཡོང་དགོས་ན་དབུལ་ཐར་ཡོང་ཐབས་ཆ་ཚང་ཞིག་ཡོད་དགོས་པ་རེད། རྒྱུན་མཐུད་ཐོན་ལས་ཀྱིས་འདེགས་སྐྱོར་བྱེད་ཅིང་། རྒྱུན་མཐུད་ཐོན་ལས་ལ་རྒྱབ་སྐྱོར་དང་། དངུལ་བུན་ལ་བརྟེན་ནས་ཐོན་སྐྱེད་དང་རོགས་སྐྱོར་ལ་བརྟེན་ནས་འཚོ་བ་བྱེད་པའི་དབུལ་སྐྱོར་བྱེད་ཐབས་སྤྱད་ནས། གྲོང་སྡེ་དབུལ་ཕོངས་དང་མང་ཚོགས་དབུལ་ཕོངས་ཀྱི་རང་ཉིད་ཕྱུག་འགྱུར་བྱེད་ནུས་ཇེ་དྲག་ཏུ་བཏང་ནས། མང་ཚོགས་དབུལ་ཕོངས་ཀྱིས་ས་གནས་སོ་སོའི་ཐོན་ཁུངས་ལ་བརྟེན་ནས། ཡུལ་དེའི་རྗེས་མཐུད་ཐོན་ལས་དང་མཐུན་པའི་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་ནས་ཡོང་འཕར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་བ་དང་། མང་ཚོགས་དབུལ་ཕོངས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་བར་ཁག་ཐེག་བྱས་ན་ད་གཟོད་བརྟན་ཅིང་ཕྱུག་འགྱུར་ཡོང་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་རེད།

     དར་མདོ་གྲོང་ཁྱེར་སྲིད་གཞུང་གིས་དར་མདོ་གྲོང་ཁྱེར་མི་ཉག་ཚེ་རྡོའི་ཡུལ་སྐོར་མ་འཇོག་གསར་སྦོལ་འགན་འཁྲི་སྤྱི་གཉེར་ཁང་གིས་འགག་པ་ཡུལ་ཤོག་མགོ་བཏགས་སྨད་པ་གྲོང་སྡེར་མ་དངུལ་སྒོར་དུང་ཕྱུར1.8གཏོང་འཇོག་བྱས་ཏེ་དར་མདོ་མི་ཉག་གནས་མཆོག་གི་ལྗོངས་ཁུལ་ལས་གཞི་གསར་སྦོལ་བྱས་པ་དང་། གྲོང་སྡེའི་རྩྭ་ར་དང་གྲམ་ཐང་། ནོར་ཕྱུགས་སོགས་རང་བྱུང་ཐོན་ཁུངས་དང་སྤྱི་པའི་སྒྲིག་ཆས་མཛེས་ཁུལ་དུ་བཞག་ནས། ཕྱོགས་གཉིས་ཀའི་ཕན་འབྲས་ནི2:8ལྟར་རྐང་དངུལ་བགོ་བཤའ་རྒྱག་པའི་གྲོས་གཞི་འདོན་པ། གྲོང་སྡེའི་ཐུན་མོང་ཐོན་ཁུངས་མ་དངུལ་ཐོག་ནས་ཕབ་ནས་སྒོར་བརྒྱ་ཆ20བཟུང་བ། སྤྱི་གཉེར་ཁང་གིས་གཏོང་འཇོག་བྱས་པའི་མ་རྐང་བརྒྱ་ཆ80བཟུང་ཞིང་། གྲོང་སྡེའི་ཐུན་མོང་ལ་ལོ་རེར་མཐའ་སྲུང་མ་དངུལ་སྒོར་ཁྲི85བགོ་བཤའ་བརྒྱབ་ཡོད་ལ། དེའི་ནང་དུད་ཚང་དབུལ་ཕོངས་ཡོད་ཚད་ལ་ལོ་རེར་མཐའ་སྲུང་སྒོ་བཤའ་ཁྲི18ཙམ་བགོས་ཡོད།

     འབའ་ཐང་རྫོང་གིས་རྡོ་གཞོང་ཡུལ་ཤོག་གི་གནས་སྤོ་བྱེད་ས་བཀོད་སྒྲིག་བྱ་ཡུལ་དུ་མུའུ50ལྡན་པའི་ཡན་ཙི་ཁམ་བུའི་རྟེན་གཞི་བསྐྲུན་པ་དང་། སྟོང་ཧྥུ498ཅན་གྱི་འོད་ཤུགས་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བྱས། གནས་སྤོ་དུད་ཚང44ཡི་དུད་ཚང་རེར་ལོ་རེར་ཡོང་འབབ་སྒོར1500ཡོད། གནས་སྤོ་མང་ཚོགས་མི23མེ་གསོད་རུ་ཁག་ཏུ་ཞུགས་པ་དང་མི15ཁོར་ཡུག་འཕྲོད་བསྟེན་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ཞུགས་པ། མེ་གསོད་པར་ལོ་རེར་མི་རེར་གླ་ཕོགས་སྒོར10000ཡན་ལ་ཟིན་ཞིང་། ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་པར་ཟླ་རེར་གླ་ཕོགས་སྒོར2000ཡོད།

     སྡེ་དགེ་རྫོང་ཨོ་སྒོང་ཡུལ་ཤོག་གིས་རང་ཁུལ་གྱི་ནན་དབྱི་སྤྱི་གཉེར་ཁང་གིས་སྡེ་དགེའི་མ་ཎི་གད་མགོར་ཟོག་འོ་ལས་སྣོན་བཟོ་གྲྭའི་ཐོན་ལས་འཛུགས་གཉེར་བྱེད་པ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། ནོར་ཟོག་འོ་ཐོན་དངོས་རྫས་གསར་སྦོལ་བྱེད་སའི་རྟེན་གཞི་དང་། ནོར་ཟོག་འོ་མའི་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས། ཟོག་འོ་གསར་པའི་ལས་སྣོན་ཞབས་ཞུ་ས་ཚུགས། ཟོག་འོ་ལས་སྣོན་བྱེད་སའི་ལྟེ་གནས་སོགས་ཕྱུགས་འབྲོག་དང་འབྲེལ་བའི་ལས་གཞི10ལྷག་ཁྱོན་ཡོངས་སུ་འཕེལ་རྒྱས་གཏོང་བའི་ཐོན་ལས་རེ་ཞུ་བྱས་ནས་མང་ཚོགས་དབུལ་ཕོངས121ལས་ཞུགས་བྱ་ཐུབ་ཡོད།།

  • ལེ་ཚན་སྔོན་མ།:མང་ཚོགས་དབུལ་ཕོངས་ཀྱི་སྡོད་གནས་སྤོ་བ་དང་ལས་རིགས་བཅོས་བསྒྱུར་གཏོང་བ། དབུལ་ཕོངས་ཀྱི་འབྱུང་རྩ་བཏོན་པ།
  • ལེ་ཚན་རྗེས་མ།:ལོ70ཡི་རིང་གི་གྲུབ་འབྲས་འགྲེམ་སྟོན་གྱི་མཛད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།