ལི་ཐང་རྫོང་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ལས་ཀར་གྲུབ་འབྲས་ལེགས་པོ་ཐོབ།

ཡེ་ཤེས་ཕན་བདེ་དང་ལུའུ་པིན་ཁའོ་ཡིས།        2017-09-25

    སྤྱི་ཟླ9པའི་ཚེས13ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་ཞུ་ཞིང་བདེ་སྐྱིད་ལམ་དུ་བཞུད་ཅེས་པའི་སྨྱན་སྦྱོར་གསར་འགོད་ཚོགས་པས་ཁམས་ལི་ཐང་གི་འདས་པའི་ལོ་ལྔ་ནང་དུ་འགྲིམ་འགྲུལ་འཕེལ་རྒྱས་དང་གྲོང་ཤང་འཕེལ་རྒྱས། སློབ་གསོ་དང་སྐྱེ་ཁམས་དཔལ་ཡོན། གཞི་རིམ་གྱི་ཏང་རྩ་འཛུགས་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ། དབུལ་སྐྱོར་གནད་སྨིན་སྐོར་གྱི་ལས་དོན་བཅས་ཕྱོགས་བདུན་ལ་ཐོབ་པའི་འགྲུབ་འབྲས་དང་མིག་སྔའི་ཡོད་པའི་དཀའ་ངལ་སོགས་རྒྱུས་ལོན་བྱས་པ་རེད།

     རྫོང་དེའི་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བློ་བཟང་འཇམ་དཔལ་གྱི་སྣེ་ཁྲིད་འོག་འཇའ་ཚོན་གྱི་ཡུལ་ཁམས། འཇའ་བ་གྲོང་རྡལ་དུ་ཁྲིམས་ལུགས་སྒྲིག་སྲོལ་དྲིལ་བསྒྲགས་ལས་ཀའི་སྐོར་ལ་བཅའ་འདྲི་བྱེད་ས་འགྲོ་བའི་ལམ་བར་དུ། འཇའ་བ་གྲོང་རྡལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་མདུན་གྱི་ཐང་ཆེན་ཐོག་ལ་མང་ཚོགས་མང་པོ་འདུས་འདུག  གསར་འགོད་པ་ཡུལ་དངོས་སུ་ཕྱིན་ནས་བཅར་དྲི་བྱེད་དུས། རྫོང་དེའི་མང་ཚོགས་ལས་ཀ་དང་ཞུ་གཏུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀརྨ་ཚེ་རིང་གིས་འཇའ་བ་གྲོང་རྡལ་གྱི་གྲོང་པ་བདུན་གྱི་མང་ཚོགས་བསྡུས་ནས་ལི་ཐང་རྫོང2017ལོར་གྲོང་གསེབ་ཏུ་བཅའ་ཁྲིམས་བསྒྲགས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པའི་གནས་ཚུལ་གོ་བྱུང་།།

     འཇའ་བ་གྲོང་རྡལ་གྱི་ཀྲེན་ཀྲང་སྐལ་བཟང་འཕྲིན་ལས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ང་ཚོ་གྲོང་རྡལ་ལ་གྲོང་སྡེ7ལ་མི་གྲངས2442ཡོད། འཚོ་བའི་གནས་ལུགས་ནི་རོང་མ་འབྲོག་གི་འཚོ་བ་ཡིན་པ་རེད། ས་ཞིང་ནི་མང་ཚོགས་ཀྱི་འཚོ་བ་བརྟེན་ས་གཙོ་བོ་འདྲ་བོ་ཡིན། ས་ཞིང་གི་རྩོད་པ་ནི་མང་ཚོགས་བར་གྱི་རྩོད་པ་དང་གྱོད་གཞི་གཙོ་བོ་རེད། འོན་ཀྱང་འདས་པའི་ལོ་ལྔ་རིང་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ཐད་དཀའ་སྤྱོད་འབད་བརྩོན་བྱས་ནས་ད་ནི་མང་ཚོགས་ཀྱི་བསམ་བློ་འདུ་ཤེས་ལེགས་བཅོས་ཆེན་པོ་བྱུང་འདུག ད་ལོར་ཟླ9པའི་ནང་འཇའ་བ་གྲོང་རྡལ་གྱི་ལོ་བཅུ་ཙམ་གྱོད་ཐག་གཅད་མ་ཐུབ་པའི་ས་ཞིང་གི་གྱོད་གཞི་ཞིག་ཐག་གཅོད་ལེགས་མོ་བྱས་ཐུབ་པ་རེད།

      དྲིལ་བསྒྲགས་བྱེད་སྒོ་ཐོག་ཏུ་ཞུགས་པའི་འཇའ་བ་གྲོང་རྡལ་ཁ་ཉག་གྲོང་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་དབང་གིས་སྔོན་མ་འདྲ་ཡིན་ན་ཁྲིམས་ལུགས་སློབ་གསོ་དྲིལ་བསྒྲགས་གཏོང་མཁན་ཡོད་རེད། འོན་ཀྱང་རྫོང་གི་དྲིལ་བསྒྲགས་གཏོང་མཁན་ཡིན་ན་འདྲ། ང་ཚོ་སྡེ་མི་སེར་ཡིན་ནའང་འདྲ་ཚང་མ་ཡར་འགྲོ་མ་འོངས་བྱ་དགོས་ན་ཡང་འགྲོ་ལམ་མི་བདེ་བ། དེ་འདྲའི་ཆ་རྐྱེན་མི་འཛོམས་པའི་རྐྱེན་གྱིས་དྲིལ་བསྒྲགས་སློབ་གསོ་དེ་ཡག་པོ་ཞིག་མི་འཕྲོད། ལས་ཀ་སོགས་ཀྱང་ཁྲིམས་དང་མཐུན་མི་མཐུན་མི་ཤེས།  དེ་ལས་གྱོད་ཅིག་བཤད་ན་ཡང་ཡར་མི་དམངས་ཁྲིམས་ཁང་ལ་མི་ཞུ། མི་གསོད་རྟ་འགྲིལ་གྱི་གྱོད་ཆེན་ཡང་བྱུང་མྱོང་རེད། ད་ལྟ་འདྲ་ཡིན་ན་རྫོང་དང་གྲོང་རྡལ་གཉིས་ཀྱིས་དུས་རྒྱུན་དུ་མི་དམངས་ཡོངས་ལ་ཁྲིམས་ལུགས་སྒྲིག་སྲོལ་དྲིལ་བསྒྲགས་གཏོང་བ་རེད། སྡེ་མི་སེར་ལ་ཡང་གོ་བརྡ་འཕྲོད་པ་དང་། ཚང་མས་རང་གི་བསམ་བློ་བཏང་ནས་ཁྲིམས་དང་གནས་ལུགས་དང་མཐུན་པའི་བྱ་སྤྱོད་སྤེལ་བའི་ལུགས་སྲོལ་བཟང་པོའི་ལམ་དུ་འགྲོ་དང་འགྲོ་བཞིན་ཡོད་པ་རེད།

      ཤེས་རྟོགས་བྱུང་བ་གཞིགས་ན།  རྫོང་དེའི་ཁྲིམས་འཛིན་ཅུས་ཀྱིས་ད་ལོར་འགོ་བཙུགས་ཏེ་ད་བར་སློབ་ཆུང་དང་སློབ་འབྲིང་ནང་དུ་ཁྲིམས་ལུགས་སྒྲིལ་སྲོལ་དྲིལ་བསྒྲགས་ཐེངས5དང་དགེ་སློབ2135ལ་ཁེབས་པ་དང་། དགོན་པ་ཁྲོད་ལ་ཁྲིམས་ལུགས་དྲིལ་བསྒྲགས་ཐེངས16དང་གྲྭ་བཙུན1065ལ་ཁེབས་ཡོད། གྲོང་སྡེ་ནང་ལ་ཐེངས་མ16དང་མང་ཚོགས16783དྲིལ་བསྒྲགས་བྱེད་སྒོ་ནང་ཞུགས་པ་རེད། དེ་ལས་དབྱར་རྩྭ་དགུན་འབུ་རྐོ་བའི་དུས། རྫོང་གི་ལས་སྒྲུབ་ཚོགས་ཆུང6བཙུགས་ནས་དབྱར་རྩྭ་དགུན་འབུ་རྐོ་གནས6ལ་ཁྲིམས་ལུགས་སློབ་གསོ་དྲིལ་བསྒྲགས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་གྱི་ལྷ་མོ་ཟློས་གར་གསར་གཏོད་འཕེལ་རྒྱས་གཏོང་བའི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:གནས་མཆོག་དཀར་མཛེས་ཀྱི2017ལོའི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།