དགེ་རྒན་བཀའ་དྲིན་ཅན་རྣམས་རྗེས་སུ་དྲན་པའི་དབྱངས།

ཀྲི་ཉ་ཤ་ར།        2020-09-14

དྲིན་ཆེན་གྱི་དགེ་རྒན།

འཇིག་རྟེན་མཛེས་པ་ཁུར་བའི་བགྲེས་པོ།

ད་ལྟ་མི་ཡི་རྒྱལ་མཚན་ཁྱེད་ཡིན།

ཁྱེད་ཀྱི་ལྷག་བསམ་གྱི་གཤོག་ཟུང་མཁའ་ལ་

བརྐྱངས་པས།

ས་ཆེན་འདིའི་ཡིད་དུ་འོང་བའི་བྱེའུ་དག

རང་དབང་གིས་ནམ་མཁར་འཕུར་བ་ཇི་

འདྲའི་མཛེས་སྡུག་ལྡན།

དྲིན་ཆེན་གྱི་དགེ་རྒན།

རུས་པའི་རྐང་ལ་ཟུག་པའི་དྲོད་ཁོལ།

སེམས་ཁོང་གི་ཉི་མ་སེར་པོ།

ཁྱེད་ཀྱི་ཤེས་རིག་གི་ཟེར་བརྒྱ་ཕྱོགས་བཅུར་སྤྲོས་པས།

ང་ཚོས་ཆེས་ཡིད་དུ་འོང་བའི་མདུན་ལམ་རྙེད་ནས།

འོད་ཟེར་ལྡན་པའི་ཁ་ཕྱོགས་ལ་སྐྱོད་པ་ཇི་འདྲའི་

རིན་ཐང་ཆེ།

དྲིན་ཆེན་གྱི་དགེ་རྒན།

ཕ་མ་གཉེན་ཉེ་ལྟ་བུའི་རྩིས་ཐང་ཅན།

ཇི་སྲིད་ཞེ་ལ་ཐོགས་པའི་ཚེ་གཅིག་གི་མི།

ཁྱེད་ཀྱི་ཟོལ་མེད་ཀྱི་སྐད་ཆ་དེ་དག

བུ་ཕྲུག་འབུམ་ཕྲག་ལྷག་གི་སེམས་ཀྱི་རྟེན་ཡིན།

མི་ཚེའི་གྲོ་ཡིན།

  • ལེ་ཚན་སྔོན་མ།:བཤེས་གཉེན་ལ་བསྟོད་པའི་ཀ་ཕྲེང་མེ་ཏོག་ཕྲེང་མཛེས།
  • ལེ་ཚན་རྗེས་མ།:སྨེང་བའི་སེམས་གཞས།