མུན་པ་སེལ་བའི་སྒྲོན་མེ།

ཟླ་བ་ཆོས་སྒྲོན།        2020-09-11

འཇིག་རྟེན་འདི་སྨག་རུམ་མུན་པས་དཀྲིགས་དུས།ཁྲི་གདུགས་ཉི་མ་དང་གློག་སྒྲོན། དེ་བཞིན་མར་མེས་སེལ་བར་བྱེད། འོན་ཀྱང་། སེམས་ཀྱི་མུན་པ་སྟེ་བློ་ཡི་རྨོངས་པའམ་མ་རིག་པ་དེ་ནི་གློག་སྒྲོན་དང་མར་མེས་ག་ལ་སེལ་ནུས།བློ་ཡི་རྨོངས་པའི་རྒྱ་ལས་ཐར་དགོས་ན་ངེས་པར་དུ་ཤེས་རིག་ཡོན་ཏན་གྱི་བདུད་རྩིས་རང་བློའི་ཤེས་འདོད་ཀྱི་སྐོམ་པ་དེ་སེལ་ཐབས་བྱེད་དགོས།

ཤེས་རིག་ཡོན་ཏན་གྱི་སྒྲོན་མེ་སྤར་ནས་བློ་ཡི་མ་རིག་མུན་པ་སེལ་བར་བྱེད་མཁན་ནི་གནམ་འོག་གི་དགེ་བའི་བཤེས་གཉེན་རྣམས་ཡིན།དགེ་རྒན་ནི།ང་ཚོའི་མི་ཚེ་གཅིག་གི་ཁ་ལོ་སྒྱུར་མཁན་གྱི་ལམ་སྟོན་མཁན་དེ་ཡིན།ཁོང་རྣམ་པས་ང་ཚོར་ཡ་རབས་ཀྱི་བསླབ་བྱ་གནང་ནས། མི་གཤིས་བཟང་བའི་སློབ་མ་སྣོད་དུ་རུང་བ་ཞིག་ལ་གསོ་སྐྱོང་གནང་བ་དང་། དེ་ནས་ཡང་ཤེས་བྱ་ཡོན་ཏན་གྱི་བདུད་རྩིས་ང་ཚོའི་ཤེས་འདོད་བློ་ཡི་སྐོམ་པ་དེ་སེལ་བར་བྱས་པས།ད་གཟོད་སྤྱི་ཚོགས་དང་མི་རིགས།རྒྱལ་ཁབ་བཅས་ལ་ཕན་ཐོགས་པའི་མི་སྣ་དེ་འདྲ་མང་པོས་རང་དང་གཞན་ལ་ཕན་པའི་བྱ་བ་བཟང་པོ་བསྒྲུབས་དང་སྒྲུབ་བཞིན་པ་རེད།

ང་རང་ལོ་རིམ་གསུམ་པའི་དུས་སུ།ཐེངས་ཤིག་སློབ་ཚན་ཡག་པོ་མ་ཉན་པའི་རྐྱེན་གྱིས། རྒན་ལགས་ཀྱིས་ང་ལ་གཤེ་གཤེ་བཏང་བས། ངའི་སེམས་ནང་། རྒན་ལགས་དེར་ཁོང་ཁྲོ་ཆེན་པོ་སྐྱེས་པ་དང་།དེ་ནས་བཟུང་རྒན་ལགས་ཁོང་གི་སློབ་ཚན་ཡང་ཉན་འདོད་མེད་པའི་སྣང་བ་ཞིག་ཤར།དེ་དུས་ཁོང་གིས་ང་རང་གཞུང་ལས་ཁང་དུ་བོས་ནས།ང་ལ་སློབ་ཚན་ཡག་པོ་ཉན་དགོས་པའི་ཁ་ཏ་བསླབ་བྱ་མང་པོ་གནང་བྱུང་བས། ང་རང་སེམས་འགུལ་ཆེན་པོ་ཐེབས་པས་མ་ཚད།རང་ཉིད་ཀྱི་བྱེད་སྟངས་ལ་སེམས་གཏིང་ནས་ངོ་ཚ་དང་འགྱོད་པ་ཆེན་པོ་སྐྱེས་མྱོང་། ད་ལྟ་དེ་ཚོ་བསམ་དུས། དགེ་རྒན་ཚོས་ང་ཚོ་ནི་ཁོང་རང་ཉིད་ཀྱི་བུ་ཕྲུག་ལྟ་བུ་གནང་གིན་ཡོད་པ་ཤེས་ཚོར་གསལ་པོ་བྱུང་ལ། རང་ཉིད་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པའི་དོན་སྙིང་དེ་བས་གསལ་པོར་ཤེས་སོང་།

དེ་དང་མཉམ་དུ།ད་ཐེངས་རྒྱལ་ཡོངས་ཀྱི་དགེ་རྒན་དུས་ཆེན་སྐབས་སོ་དྲུག་པ་སླེབས་ལ་ཉེ་བའི་མཚམས་འདིར། ངས་གནམ་འོག་གི་དགེ་བའི་བཤེས་གཉེན་ལྷན་རྒྱས་དུས་ཆེན་སྤྲོ་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

  • ལེ་ཚན་སྔོན་མ།:སྒྲོན་མེ།
  • ལེ་ཚན་རྗེས་མ།:ཤེས་བྱའི་གཏེར་སྒོ་ཕྱེ་སྟངས་གཞན་ཞིག