བཤེས་གཉེན་ལ་བསྟོད་པའི་ཀ་ཕྲེང་མེ་ཏོག་ཕྲེང་མཛེས།

བསོད་ནམས་ཚེ་མཚོ།        2020-09-11

ཀ་ཡེ་བྱམས་བརྩེ་ཅན་གྱི་དགེ་བའི་བཤེས།།

ཁ་ནས་གསུངས་པ་ཚང་མ་དྲང་པོའི་ཚིག།

ག་དུས་ཡིན་ཡང་སློབ་མའི་དོན་དུ་བྲེལ།།

ང་ཡིས་ཁྱེད་ལ་སྙིང་ནས་བསྟོད་པར་བྱེད།།

ཅ་གས་བསྐྱངས་པའི་ཤེས་རིག་ཡོན་ཏན་དག།

ཆ་ལུགས་ཚུལ་མཐུན་སླད་དུ་སློབ་མ་ལ།།

ཇ་ཆང་བདུད་རྩིའི་བཅུད་དུ་སྨིན་པར་མཛད།།

ཉ་མོ་ཆུ་རྐྱལ་སྦྱོང་བར་རབ་ཏུ་སྐུལ།།

ཏ་ལའི་ཤིང་གི་ཚ་གཡོལ་བསིལ་གྲིབ་བཞིན།།

ཐ་མལ་མ་རིག་གནས་རྣམས་སེལ་བར་བྱེད།།

ད་ལྟའི་དུས་བཟང་འདི་ཡི་དགེ་མཚན་རྣམས།།

ན་ཆུང་ང་ཚོའི་བློ་ཡི་མཚོ་མོར་བསྐྱིལ།།

པ་ཏྲའི་རིས་བཞིན་དོན་ལྡན་ཤེས་རིག་གིས།།

ཕ་ཡིས་བུ་བཞིན་སྐྱོང་བ་ཨེ་མ་མཚར།།

བ་གླང་མིན་ན་བསམ་གཞིག་ཐོངས་དགོས་སོ།།

མ་ཡུམ་སློབ་གྲྭའི་དགའ་ཚལ་འདི་ན་རུ།།

ཙ་ཀོ་ར་བཞིན་གཤོག་རྩལ་མ་སྦྱངས་ན།།

ཚ་གྲང་མི་ཚེའི་དཀའ་བར་འགྱོད་པས་ཅི།།

ཛ་བརླང་སྤྱོད་པ་སྤངས་ནས་ཡ་རབས་གྱིས།།

ཝ་ལྟར་གཡོ་སྒྱུ་མ་བྱེད་ཁྲེལ་ཡོད་མཛོད།།

ཞྭ་གོས་ལྷམ་གྱི་དཀའ་ངལ་མེད་པའི་དུས།།

ཟས་གོས་སྡོད་གསུམ་འགན་ལེན་སྲིད་བཟང་འོག

འ་ཅག་སློབ་མས་དགེ་བཀུར་གྲོགས་མཐུན་གལ།།

ཡ་རབས་ཀུན་སྤྱོད་ཁ་ཏའི་བསླབ་བྱ་དག།

ར་མ་ལུག་གི་སྲོལ་ལ་མི་འགྲོ་བར།།

ལ་ཀླུང་མྱོང་རྒྱུད་ཅན་གྱི་དགེ་རྒན་ལས།།

ཤ་ཚའི་སྙིང་གཏམ་སེམས་ནས་དང་དུ་ལོངས།།

ས་ཕྱོགས་གང་དུ་སོང་ཡང་ཕ་མ་བཞིན།།

ས་ཕྱོགས་དེ་ནས་སྐྱོང་མཁས་དྲིན་ཅན་ནི།།

ཧ་ལམ་དགེ་བའི་བཤེས་གཉེན་ཙམ་ལས་སུ།།

ཨ་ཧོ་དྲིན་ཅན་བཤེས་གཉེན་བཀའ་དྲིན་ཆེ།།

  • ལེ་ཚན་སྔོན་མ།:སྣང་བའི་འོད་ཀྱི་ཕུང་པོ།
  • ལེ་ཚན་རྗེས་མ།:དགེ་རྒན་བཀའ་དྲིན་ཅན་རྣམས་རྗེས་སུ་དྲན་པའི་དབྱངས།