རང་ཁུལ་གྱིས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2020-09-09

རང་ཁུལ་གྱིས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས།
 

  སྤྱི་ཟླ9པའི་ཚེས8ཉིན།རང་ཁུལ་གྱིས་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་ཁུལ་ཡོངས་ཀྱི་དགེ་རྒན་དུས་ཆེན་ཐེངས36པ་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་ཐོག་ལ་ཁུལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་བྱས་པ་དང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་བཟང་དར་སྤེལ་གཏོང་བར་སྐུལ་སློང་དང་། དགེ་རྒན་གྱི་ཤེས་རིག་ཡོན་ཏན་སློབ་པར་དྲིན་དྲན་བྱས་ནས་དགེ་རྒན་སྙིང་དབུས་ནས་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། རྒྱ་ཆེ་བའི་དགེ་རྒན་ཚོར་ལས་གནས་ཐོག་བདེ་སྐྱིད་ཚོར་སྣང་དང་བྱ་གཞག་ཐད་གྲུབ་འབྲས་ཐོབ་སྣང་། སྤྱི་ཚོགས་ཐོག་གཟི་བརྗིད་ཐོབ་སྣང་བཅས་ཡོང་བ་བྱས་ནས་ཏང་དང་མི་དམངས་ཀྱི་སློབ་གསོའི་བྱ་གཞག་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེན་པོ་འབུལ་དགོས་ཞེས་འབོད་སྐུལ་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ལིའུ་ཁྲེང་གིས་གསུང་བཤད་གནང་སྐབས་དཀར་མཛེས་ཁུལ་བཙུགས་ནས་ལོ་ངོ70སོང་རིང་།ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོགཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་སྟོབས་ལྡན་འོགསྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཧུར་བརྩོན་རྒྱལ་སྐྱོང་དང་འབད་འཐབ་ཧུར་ཐག་བྱས་པར་བརྟེན་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོར་སྔ་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དཀར་མཛེས་ཁུལ་གྱི་སློབ་གསོའི་བྱ་གཞག་དེ་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བའི་བར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་ནས་ཡོད།

    ལིའུ་ཁྲེང་མིང་གིས་གསུངས་དོན།ད་ཆ་ང་ཚོའི་མདུན་དུ་འཕེལ་རྒྱས་ཆེན་པོ་དང་འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་གནས་བབ་གསར་པར་འཕྲོད་ཡོད་ཅིང་། ཤེས་ཡོན་ནི་སྔར་ལས་དཔལ་འབྱོར་དང་སྤྱི་ཚོགས་ལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། སློབ་གསོ་ནི་སྔར་ལས་ཕྱོགས་བསྡུས་དངོས་ཤུགས་དང་འགྲན་རྩོད་ནུས་ཤུགས་ཀྱི་སྲོག་ཤིང་གྲུབ་རྐྱེན་དུ་འགྱུར་བཞིན་ཡོད། 

   ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པར་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་སློབ་གསོའི་ལས་འགན་གསར་པ་ཁོང་དུ་ཆུད་པ་བྱེད་ཅིང་། སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་གཟི་བརྗིད་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་རང་རྟོགས་ངང་ཆེ་རུ་གཏོང་ཞིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དར་སྤེལ་བཏང་སྟེ། ཕུགས་བསམ་དང་དད་སེམས་ལྡན་པ་དང་།ཀུན་སྤྱོད་བཟང་བ། ཤེས་བྱ་ཏན་ཏིག་ལྡན་པ། བྱམས་བརྩེ་ལྡན་པ་བཅས“བཞི་ལྡན་”གྱི་དགེ་རྒན་བཟང་པོ་བྱ་རྒྱུར་བརྩོན་ལེན་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

   ལིའུ་ཁྲེང་མིང་གིས་རྒྱ་ཆེ་བའི་དགེ་རྒན་ལ་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཕུགས་བསམ་དང་དད་སེམས་ཡོད་པའི་དགེ་རྒན་བཟང་པོ་ཞིག་བྱ་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་རང་གཅུན་སྤྱོད་བཟང་དང་གཞན་ལ་མིག་དཔེ་སྟོན་པ་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་དང་བསམ་ཚུལ་ལྡན་པའི་དགེ་རྒན་བཟང་པོ་ཞིག་བྱ་དགོས། ཐོག་མཐའ་བར་གསུམ་དུ་དུས་བསྟུན་མདུན་སྐྱོད་དང་ཚེ་གང་སློབ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཤེས་བྱ་ལྡན་པའི་དགེ་རྒན་བཟང་པོ་ཞིག་བྱ་དགོས། གཞན་གྱི་ཆེད་དུ་འབད་བརྩོན་དང་གཅེས་སེམས་ལེགས་སྐྱེས་སུ་འབུལ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་བྱམས་སེམས་ལྡན་པའི་དགེ་རྒན་བཟང་པོ་ཞིག་བྱ་དགོས་ཞེས་གསུང་གིས་བསྐུལ་བ་རེད།ཁོང་གིས་རྒྱ་ཆེ་བའི་དགེ་རྒན་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་གཅིག་འདོམས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་།  སློབ་མར་བློ་རྩ་བརྟན་ཞིང་འཇོན་ཐང་ལྡན་པ་དང་འབད་བརྩོན་ལྷོད་མེད་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འགྱུར་ཐུབ་པ་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་ལས་གལ་ཆེན་པོ་ཅི་མེད་པའི་ངོས་འཛིན་གཏིང་ཟབ་བྱ་དགོས།ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་དེ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་ཀུན་སྤྱོད་དང་ཤེས་རིགལུས་རྩལ།མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་ཧུར་ཐག་བྱ་དགོས།སློབ་ཁྲིད་བྱེད་མཁས་པ་དང་ལག་ལེན་ཁྲོད་སློབ་གསོ་རྒྱག་མཁས་པ། ལག་ལེན་ཁྲོད་ཞིབ་འཇུག་བྱེད་མཁས་པ།རང་ཉིད་ལས་སྒོར་བྱང་ཆུབ་པ་དང་སློབ་མས་དགའ་པོ་བྱེད་པའི་བྱང་ཚད་མཐོ་བའི་དགེ་རྒན་ཞིག་ཏུ་འགྱུར་བ་བྱས་ནས་སློབ་མར་དེ་བས་ལེགས་པའི་སྒོ་ནས་འབྱུང་འགྱུར་གྱི་མི་ཚེའི་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱ་དགོས། མིའི་རིགས་ཀྱི་བསམ་པའི་བཟོ་བཀོད་པ་ཞིག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  སེམས་རྣལ་དུ་ཕབ་ནས་དཔེ་ཁྲིད་བྱེད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་མི་གསོ་སྐྱོང་བཅས་བྱ་དགོས།ཁུལ་ཨུའི་གཏན་འཁེལ་བྱས་པའི་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་ཇུས་ལ་དམ་པོར་དམིགས་ནས་སློབ་ན་མ་སོན་གོང་གི་སློབ་གསོ་ཁྱབ་གདལ་དང་། འོས་འགན་སློབ་གསོ་དོ་སྙོམས། མཐོ་རིམ་སློབ་འབྲིང་གི་སློབ་གསོའི་སྤུས་ཚད་མཐོར་འདེགས།ལས་རིགས་སློབ་གསོ་ལེགས་སུ་གཏོང་བ་བཅས་དམ་འཛིན་ཡག་པོ་བྱས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་དགོས།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན།ལོ་བརྒྱའི་ཇུས་ཆེན་ནི་སློབ་གསོ་ཨང་དང་པོར་འཇོག་པ་དང་སློབ་གསོའི་ཇུས་ཆེན་ནི་དགེ་རྒན་རྩ་བར་འཛིན་རྒྱུ་ཡིན་པས།ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་སློབ་གསོ་སྔོན་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་རྒྱུན་འཁྱོངས་དང་སློབ་གསོ་བཅོས་བསྒྱུར་ཟབ་ཏུ་སྤེལ་བ། སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་སྤེལ་དང་སློབ་གྲྭའི་བཀོད་པ་ལེགས་འགྱུར།སློབ་གྲྭར་བཤོལ་འགོག་སློབ་སྐྱོང་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཁ་གསབ་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་ལེགས་པོ་བྱ་དགོས། ཞག་སྡོད་ལམ་ལུགས་ཀྱི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏང་རྒྱུར་གཙོ་ཤུགས་བརྒྱག་དགོས།སློབ་གཙོ་དང་སློབ་སྟོན་ཀྲུའུ་རེན།འཛིན་བདག་བཅས“དཔུང་ཁག་གསུམ”གསོ་སྐྱོང་ཡག་པོ་བྱས་ནས་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏང་དགོས།འཐབ་ཇུས་ཀྱི་མཐོ་ཚད་ནས་སློབ་གསོའི་ལས་དོན་གྱི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་བྱེད་པ་དང་དགེ་རྒན་ལ་སེམས་ཁུར་དང་གཅེས་སྐྱོང་ཏན་ཏིག་བྱས་ཏེ་དགེ་རྒན་དང་ལྷག་པར་དུ་ཐག་རིང་ཞིང་འབྲོག་ཁུལ་གྱི་དགེ་རྒན་གྱི་དཀའ་ངལ་དངོས་ཐག་གཅོད་གང་ཐུབ་བྱེད་པ་དང་། དགེ་རྒན་གྱི་ནུས་རྩལ་རྒྱུགས་ལེན་ལམ་ལུགས་མུ་མཐུད་ལག་བསྟར་བྱ་དགོས།འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་འདེབས་དགོས་ཤིང་། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཁོར་ཡུག་བསྐྲུན་ཞིང་དགེ་རྒན་ནི་བརྩི་འཇོག་ཆེ་ཤོས་ཀྱི་ལས་རིགས་ཤིག་ཏུ་འགྱུར་བ་དང་ཕུལ་བྱུང་གི་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱས་ནས་སློབ་གསོའི་བྱ་གཞག་ལ་ཤུགས་བརྒྱག་དགོས།

    ཚོགས་འདུའི་ཐོག2019ལོ་འཁོར་གྱི་ཁུལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་གནང་ཞིང་། ཕུལ་བྱུང་དགེ་རྒན་གྱི་འཐུས་མི་དང་ཕུལ་བྱུང་སློབ་གཙོའི་འཐུས་མི། རོང་བྲག་རྫོང་མི་དམངས་སྲིད་གཞུང་གི་འགན་འཁུར་བ་བཅས་ཀྱིས་ཚོགས་ཆེན་ཐོག་སྤེལ་རེས་གཏམ་བཤད་བྱས་པ་རེད།།

  • ལེ་ཚན་སྔོན་མ།: དགེ་བའི་བཤེས་གཉེན།
  • ལེ་ཚན་རྗེས་མ།:ང་ཚོས་ཁུལ་བཙུགས་ནས་ལོ་འཁོར༧༠ཡི་དུས་སྟོན་འདི་ལྟར་བསུ་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།