འཁོར་བ།

འདྲུ་བཀྲ་ཤིས་རྒྱལ།        2020-09-07

རྒྱ་སྟག་ངར་མ་ནགས་སུ་འཕྱན་པ་བཞིན།།

ངེད་ཅག་འཁོར་བའི་དཔལ་ལ་རྣམ་པར་འཕྱན།།

རྣམ་རྟོག་ཕྲ་རགས་ཡུལ་ལ་མྱོས་པ་ན།།

རྟེན་འབྲེལ་ཡན་ལག་བཅུ་གཉིས་རིམ་གྱིས་འཁོར།།

འཁོར་བ་ཆང་ཕོར་གང་གི་དོད་ལགས་ན།།

ངེད་ཅག་ཆང་ལ་མྱོས་པའི་བདུད་ཅིག་ཡིན།།

འདོད་ཆགས་གདོང་རིས་དམར་ནག་སྦྲེལ་མཚམས་སུ།།

ཞེ་སྡང་སྐྲ་ལོ་རླུང་བུས་ལྷབ་ལྷུབ་གཡོ།།

གཏི་མུག་མིག་ཟུང་ཆེ་ཆེར་བགྲད་པས་ན།།

ཡེ་ཤེས་སྤྱན་རིས་གསལ་ལ་མ་གསལ་ཙམ།།

དེ་ལྟར་ལོ་ཟླ་རིམ་གྱིས་འདས་པ་ན།།

ངེད་ཅག་འཁོར་བའི་འདམ་རྫབ་ནང་དུ་ལྷུང་།།

འཁོར་བ་བདེ་དགའ་རྒྱ་མཚོའི་འཇུག་ངོགས་སུ།།

མི་ལུས་རིན་ཆེན་དགོས་འདོད་ཀུན་འབྱུང་བཞིན།།

རྙེད་པར་དཀའ་འོ་འཁོར་བའི་བྱིངས་ཀྱི་མི།།

དལ་འབྱོར་རྟེན་འདི་ཤིན་ཏུ་རྙེད་པར་དཀའ།།

དེང་འདིར་ངེད་ཅག་འདུ་ཞིང་ངོ་ཤེས་པས།།

མཛའ་གཅུགས་ཟམ་པ་གསེར་བཞིན་བརྟན་པར་འཚལ།།

  • ལེ་ཚན་སྔོན་མ།:ངག་རིག་བདེན་དོན་འཁྲོལ་བའི་གད་རྒྱངས།
  • ལེ་ཚན་རྗེས་མ།:དྲིན་ཆེན་དགེ་རྒན་ལགས་བཀའ་དྲིན་ཆེ།