མངོན་གསལ་གྱི་ནུས་པ། ལྐོག་གྱུར་གྱི་རིན་ཐང་།

ཨ་ཁུ།        2020-09-07

མཐོ་འབྲིང་བོད་སྐད་ཡིག་གི་བསླབ་ཚན་རྡོ་ཕ་བོང་ཞིག་གི་ཡོན་ཏན་ཞེས་པའི་རྩོམ་ཡིག་དེར་དཔྱད་པ།

ལྷུག་རྩོམ་འདིར་མཚོན་བྱེད་ཀྱི་འབྲི་ཐབས་སྤྱད་དེ་རྡོ་ཕ་བོང་དང་འབྲེལ་བའི་དོན་བརྗོད་པ་ལ་བརྟེན་ནས། ང་ཚོར་བྱ་བ་དང་དངོས་པོའི་མངོན་གསལ་གྱི་ནུས་པ་དང་ལྐོག་གྱུར་གྱི་རིན་ཐང་ཡང་དག་པར་རྟོགས་དགོས་ཤིང་། དེ་དང་འཚམས་པའི་བེད་སྤྱོད་ཀྱི་རང་བཞིན་ལ་མཐོང་ཆེན་དང་བེད་སྤྱོད་ཀྱི་རང་བཞིན་འདོན་སྤེལ་ཡག་པོ་བྱེད་དགོས་པའི་གནས་ལུགས་ཤིག་བསྟན་པ་རེད་ལ། གཞན་ཡང་། ད་ལྟ་སྡེ་པའི་མི་རྣམས་ཀྱིས་རྡོ་ཕ་བོང་དེར་རྐང་རྟེན་གྱི་ནུས་པ་ལྡན་པར་ཤེས་ཏེ་གྲམ་པ་ནས་བསྒྲུགས་ཏེ་ཆེད་མངགས་གྲམ་ཆུའི་དཀྱིལ་དུ་བཞག་པ་མ་ཡིན་པར། “དེ་ནི་རང་བཞིན་དུ་བྱུང་བའམ་སུ་ཞིག་གིས་བཞག་པ་མི་ཤེས་མོད།་”ཅེས་ཁ་ཚོན་བཅད་དེ་རྡོ་ཕ་བོང་དེ་བྱུང་སྔ་བ་དང་རྡོ་ཕ་བོང་གི་རྐང་རྟེན་གྱི་ནུས་པ་མཁྱེན་མཁན་དེ་ཡང་གནའ་མི་ཚོ་ཡིན་པ་ལས་ད་ལྟའི་སྡེ་མི་དག་མིན་པ་ཤུགས་སུ་བསྟན་ལ། ད་ལྟའི་སྡེ་མི་ནི་གནའ་མི་མཁས་པ་ཚོས་རྟོག་ཞིབ་བྱས་པའི་བྱ་བ་དང་དངོས་པོའི་ནུས་པའམ་རིན་ཐང་དེ་ག་དང་ལེན་བྱེད་པ་ལས་གནའ་མིའི་ཤེས་རབ་དང་བློ་གྲོས་ལ་ཁ་ཡིག་ཡར་བལྟ་བྱས་ཏེ་རྡོ་ཕ་བོང་གི་རྐང་རྟེན་གྱི་ནུས་པ་ཕུད་པའི་རིན་ཐང་གཞན་འཚོལ་ཞིབ་མི་བྱེད་པའམ་བྱེད་འདོད་ཀྱང་མེད་པའི་སྔར་སྲོལ་རྒྱུད་འཛིན་གྱི་མཁྲེགས་འཛིན་བསམ་བློ་དང་། “གལ་ཏེ་རྡོ་བཟོ་ཨ་ཁུ་རྡོ་རྗེ་འདས་མེད་ན།”ཞེས་ཚིག་འདི་ལྟ་བུ་སྨྲ་དགོས་པའང་རིག་གནས་ཤིག་ཉམས་རྒུད་དུ་སོང་བ་བསྟན་འདུག ཕྱིས་རྡོ་ཕ་བོང་དེ་གཏེར་དངོས་རྩད་ཞིབ་པས་རིན་ཆེན་ནོར་བུ་སྦྲུམ་པའི་རྡོ་ཁྱད་པར་ཅན་ཞིག་རེད་ཟེར་ནས་གྲོང་ཁྱེར་ག་གེ་མོའི་གཏེར་དངོས་བཤམས་སྟོན་ཁང་དུ་ཁྱེར་བས། དེ་ནས་བཟུང་སྡེ་པའི་མི་ཚོ་ཉིན་ལྟར་ལྷམ་ཕུད་དོར་མ་བརླ་རྩར་བརྫེས་ནས་གྲམ་ཆུ་བརྒལ་དགོས་ཐུག་ལ། རིམ་གྱིས་རྡོ་ཕ་བོང་གི་བཀའ་དྲིན་དང་རྐང་རྟེན་གྱི་ནུས་པ་ཡོངས་སུ་རྟོགས་ཏེ་གྲོང་ཁྱེར་དུ་རྡོ་ཕ་བོང་མཇལ་དུ་ཕྱིན་ཡང་། ནོར་བུ་རང་ལ་ཡོད་དུས་ནོར་ཉམས་མི་ཆོད། ནོར་བུ་མི་ལ་ཤོར་དུས་སྙིང་རླུང་སྟོད་ལ་འཚང་པའི་བློ་འགྱོད་ཀྱི་གདུང་བའི་རྒྱུ་རུ་སོང་ལ། རྡོ་ཕ་བོང་རང་ཉིད་ཀྱང་མི་རྣམས་ཁང་རྩེག་གི་ཡང་རྩེར་འཛེག་པའི་ཐེམ་སྐས་བྱེད་འདོད་ཀྱི་འདུན་མ་དེ་གཏེར་དངོས་རྩད་ཞིབ་པས་མ་ཤེས་པའམ་སྣང་མེད་དུ་བཞག་ཅིང་། རང་ཉིད་བཤམས་སྟོན་ཁང་གི་ནང་རྟེན་ཙམ་དང་དཔྱད་བསྡུར་གྲོས་ཚོགས་ཀྱི་བཤམས་དངོས་ཙམ་དུ་རྩིས་པར་སུན་སྣང་སྐྱེས་ཏེ། སྔར་གྱི་ལུས་ཀྱི་བརྟན་བརླིང་དང་གདོང་གི་འོད་མདངས་ཉམས་པ་བཅས་ལས་ང་ཚོར་བྱ་བ་དང་དངོས་པོའི་མངོན་ལྐོག་གཉིས་ཀྱི་ཡོན་ཏན་ནམ་ནུས་པ་མཁྱེན་པ་ཙམ་གྱིས་མི་ཆོག་པར་དེའི་བེད་སྤྱོད་ཀྱི་རང་བཞིན་གཙོ་བོར་བཟུང་དགོས་པའི་གནས་ལུགས་ཀྱང་བསྟན་འདུག མདོར་ན་སྡེ་པའི་མི་དང་གཏེར་དངོས་རྩད་ཞིབ་པས་རྡོ་ཕ་བོང་གི་མངོན་ལྐོག་གཉིས་ཀྱི་ནུས་པའམ་རིན་ཐང་ཡང་དག་པར་མི་ཤེས་ལ། གལ་ཏེ་གཏེར་དངོས་རྩད་ཞིབ་པས་ཤེས་པའི་དབང་དུ་བཏང་ཡང་དེའི་བེད་སྤྱོད་རང་བཞིན་ཡོངས་སུ་ཤོར་དུ་བཅུག་པའི་བྱེད་ལུགས་ཀྱང་མི་འགྲིག་པའོ། །

མཇུག་ཏུ་རྡོ་ཕ་བོང་གི་མཚོན་བྱའི་ཐད་སྐྱེ་བོ་རང་རང་གི་ཤེས་རབ་རྣམ་དཔྱོད་ཀྱི་མཐུ་ནུས་ཚན་ཁ་མི་འདྲ་བ་ལས་གོ་བ་ལེན་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། སྤྱིར་རྡོ་ཕ་བོང་དེ་སྲོལ་རྒྱུན་གྱི་རིག་གནས་དང་སྲོལ་རྒྱུན་གྱི་གྱོན་ཆས། རིག་པའི་ཁྱུ་མཆོག སྐྱེས་བུ་ལྷག་བསམ་ཅན། རང་བྱུང་གི་དངོས་པོ་སོགས་གང་རུང་ཞིག་ལ་གོ་བ་བླངས་ཀྱང་མི་འགྲིག་པ་མེད་དོ། །

  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་རི་ཆུ།
  • ལེ་ཚན་རྗེས་མ།:རྒན་ལགས།