ཕ་ཡུལ་གྱི་རི་ཆུ།

སྟོབས་ལྡན།        2020-09-04

སྙན་པ་ཕྱོགས་བཅུར་ཁྱབ་པའི་རེབ་གོང་རིག་པ་འབྱུང་བའི་ཉག་ཆུ་གྲོང་ཁྱེར་ནས་ལྷོ་ཕྱོགས་སུ་སྤྱི་ལེ་དྲུག་ཅུ་བདུན་ཅུ་ཙམ་སོང་ན།ཐོག་མར་མིག་ལམ་དུ་མངོན་པ་ནི་བདག་གི་ཕ་ཡུལ་གཡང་སྡེ་ཕྱུག་མོ་སྡེ་ཚྭ་ཞེས་པ་དེ་ཡིན།

ས་དེ་ན་གྲོང་ཁྱེར་དུ་ཡོད་པའི་ཁང་བརྩེགས་མཐོན་པོ་དང་། སྤྲོ་སྐྱིད་ལྡན་པའི་གླིང་ག འདུ་འཛི་ཆེ་བའི་ཁྲོམ་ར་སོགས་ཀུན་གྱིས་ཡིད་སྨོན་བྱེད་པའི་ཟང་ཟིང་དང་མཛེས་པ་མེད་ན་ཡང་།བདག་གིས་ཕ་ཡུལ་གྱི་རི་བོ་དང་། ཆུ་བོ། ཐོན་ཁུངས་སོགས་ནི་རང་ཉིད་ཀྱི་གཟི་བརྗིད་ཅིག་ལ་རྩི་བཞིན་ཡོད།

ངའི་ཕ་ཡུལ་གྱི་ཕྱོགས་བཞི་རི་ཡིས་བསྐོར་ཡོད་པ་དང་། ཡུལ་ལྗོངས་ནི་རབ་ཏུ་མཛེས་པས།རི་མོ་མཁན་གྱི་པིར་རྩེ་ལས་ཐོན་པ་དང་གཉིས་སུ་མ་མཆིས།ལྷོ་རི་མཐོན་པོ་སྟེང་དུ་དབྱར་དགུན་སྟོན་དཔྱིད་ལ་སྔོ་ཞིང་ལྗང་བའི་ཤིང་སྟག་པ་དང་ཐང་ཤིང་སོགས་ཤིང་སྣ་མང་པོ་སྐྱེས་ཡོད་པ་དང་།ལོ་ངོ་བརྒྱ་ཕྲག་ལོན་པའི་ཤུག་སྡོང་དང་ཐང་ཤིང་ནི་མཐོ་བ་དགུང་ཨ་སྔོན་དབྱིངས་སུ་ཟུག་ཡོད།དེའི་གསེབ་ན་རི་དྭགས་སྟག་གཟིག་དོམ་དྲེད་སོགས་བགྲང་གིས་མི་ལང་བ་བག་ཡངས་སུ་འཚོ་ཞིང་། སྡེ་བའི་འདབས་ན་ཚ་ཆུ་ཆུང་ཆུང་ཡོད་པ་དེ་ནི། དར་དཀར་གྱི་གོར་གོར་བཟོས་པ་དང་མཚུངས་ལ།ང་ཚོའི་སྡེ་བའི་རྒན་པ་རྣམས་ཀྱི་བཤད་སྲོལ་ལྟར་ན། དང་ཐོག་ཚ་ཆུ་དེ་ནི་རང་བྱུང་གི་ཚ་ཆུ་ཡིན་པ་དང་།མིའི་ལུས་སྟེང་ལ་རྨ་ཕོག་ཚེ་ཚ་ཚུ་དེ་འཐུང་ན།ནད་སངས་དྲག་ཏུ་འགྲོ་བ་ཡིན་ཟེར།དེ་བས་ང་ཚོ་སྡེ་བའི་མི་རྒན་གཞོན་ཚང་མས་ཚ་ཆུ་དེ་འཐུང་བ་དང་།ད་དུང་ཕ་ཡུལ་གྱི་རྟ་ནོར་ལུག་གསུམ་དང་གཅན་གཟན་རི་དྭགས་སྣ་ཚོགས་ཀྱིས་ཀྱང་ཚ་ཆུ་དེ་འཐུང་ཞིང་སྐྱིད་པའི་འཚོ་བ་ལ་རོལ་བཞིན་ཡོད་པ་ལས་གཞན།ད་དུང་གནས་ཆེན་པོ་བདེ་མཆོག་སྐུ་ལ་གཡུ་རྩེ་དང་།མཚེའུ་ཆེན་པོ་མཚོ་དཀྱིལ་རིའང་འདིར་ཡོད།དེ་བཞིན།བདག་གི་ཕ་ཡུལ་དུ་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད་དེ།རིན་ཐང་གཞལ་དུ་བྲལ་བའི་དབྱར་རྩྭ་དགུན་འབུ་དང་།རྩྭ་ཆུ་འཛོམས་པའི་རྩྭ་ཐང་དུ་ཤ་ཤེད་རྒྱས་པའི་ཕྱུགས་རིགས།དབྱར་དུས་ཀྱི་ཆར་རྗེས་སུ་ད་དུང་ཟོས་ན་བྲོ་བ་ཞིམ་ཞིང་བཙོང་ན་རིན་གོང་མཐོ་བའི་ཤ་མོ་སོགས་ཐོན་ཁུངས་སྣ་ཚོགས་ཡོད།རེད་ཡ།མཛེས་སྡུག་ཡིད་དུ་འོང་བ་དང་འབྱོར་ཕྱུག་ལྡན་པའི་སྡེ་ཚྭ་གཡང་སྡེ་ཕྱུག་མོ་སྟེ།བདག་གི་གཅེས་སུ་འོས་པའི་ཕ་ཡུལ་ལགས།ཁྱེད་ཀྱི་རི་ཆུའི་མཛེས་སྡུག་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱིས་ངའི་སེམས་ཁོང་ལ་ནམ་ཡང་སྤྲོ་བ་དང་གཟི་བརྗིད་ཚད་མེད་ཅིག་སྐྱེས་སུ་བཅུག་ཡོད་པས།ང་རང་ནམ་ཡང་ཕ་ཡུལ་གྱི་རི་ཆུ་ལ་དགའ་ཞིང་དུངས།

  • ལེ་ཚན་སྔོན་མ།:དཔེ་ཀློག་ནི་ཤེས་རབ་ཀྱི་ཐོན་ཁུངས་ཡིན།
  • ལེ་ཚན་རྗེས་མ།:མངོན་གསལ་གྱི་ནུས་པ། ལྐོག་གྱུར་གྱི་རིན་ཐང་།