དཔེ་ཀློག་ནི་ཤེས་རབ་ཀྱི་ཐོན་ཁུངས་ཡིན།

མདའ་ཚན་བཟོད་པ་རྒྱ་མཚོ།        2020-09-04

གལ་ཏེ། མུན་པའི་ལྕགས་མཁར་དུ་ལུས་པའི་རང་ཉིད་ལ་སྒེའུ་ཁུང་ཞིག་གཏོད་འདོད་ཚེ་དཔེ་ཀློག་གི་འཇོར་དང་དཔྱོད་ཤེས་ཀྱི་སྟ་རེ་གཡུག་དགོས་པ་ལས། བརྣབ་སེམས་གྱི་མིག་ཟུང་ཅེར་སའི་རྐུབ་སྟེགས་སྐམ་པོ་དེས་ཅི་ཡང་མི་འཇོན་ལ། ཧེབ་ཀྱི་ཁུག་མར་བླུགས་པའི་དངུལ་ལོས་ཀྱང་གང་ཡང་མི་ནུས། དཔེ་དེབ་ཀྱི་གསེབ་ཏུ་གཅུད་པའི་ཡིག་འབྲུ་རེ་རེ་ནི་རྩོམ་པ་པོ་གཅིག་ནས་གཅིག་བརྒྱུད་ཀྱི་ཚུལ་དུ་ཤེས་རབ་ཀྱི་ཕུང་བོ་ཡར་ལྡན་དུ་གནས་པའི་འོད་ཀྱི་ཐིགས་པ་རེ་རེ་ཡིན་པས། དཔེ་ཀློག་གིས་ཀློག་པ་པོའི་ཤེས་རྒྱུད་ཀྱི་དངུལ་བུམ་ནང་དུ་སྟོང་ལོ་ནས་ཁྲི་ལོར་བསགས་པའི་ཉམས་མྱོང་གི་ཡང་ཞུན་དང་། ཤེས་རབ་ནས་ཤེས་རབ་མཐུད་པའི་གནས་ལུགས་ཀྱི་སྙིང་བཅུད་དག་གང་འདོད་དུ་ལྡུག་ངེས། མ་ཟད་དཔེ་དེབ་ནི་སྣ་མང་རིན་ཆེན་གྱི་གཏེར་ཁ་མཛོད་དུ་སྤུངས་པའི་རི་རབ་ཀྱི་གཏོས་དང་འདྲ་ལ། ཤོག་ངོས་ཀྱི་སྲུབས་ཀར་འཚང་བའི་ཡིན་ལུགས་ཀྱི་བཻཌཱུརྱ་རིན་མེད་དུ་སློག་ཆོག་པའི་བང་མཛོད་སྤྱི་ཁྱབ་པ་ཞིག་ཀྱང་ཡིན། དེ་བས་དཔེ་ཀློག་ནི་རྨོངས་འཐོམ་གྱི་ལྟོགས་སྐམ་སེལ་བའི་ཟས་མཆོག་རོ་བརྒྱ་བ་ཞིག་ཡིན་པས་སློབ་དེབ་དང་མཉམ་དུ་རྔམ་འཐུང་བྱས་ནས་དབང་ཆ་དང་ལྷན་དུ་ཤག་སེ་སྐྱུག་ཆོག་པ་ཞིག་ལར་ནས་མིན། འོན་ཀྱང་། དཔེ་ཀློག་ནི། རྒྱུ་ནོར་གྱིས་རྩ་རྒྱུས་སྦྲིད་པའི་དངུལ་གཡོག་རྣམ་པའི་ཞབས་དྲུང་དུ་བཅར་ཚེ་གོ་སྐབས་འཐུས་ཤོར་དུ་གཏོང་བའི་ཁྲམ་པ་ཞིག་ལས་ཅི་ཡང་མིན་ལ། རྐུབ་སྟེགས་ཀྱིས་འཕོངས་མགོ་བཀྱགས་པའི་དབང་ཆེན་ཚོའི་སྐུ་མདུན་དུ་ཁྲིད་ཚེ་དུས་ཚོད་དམར་གསོད་གཏོང་མཁན་གྱི་ཉེས་ཅན་ཞིག་ལས་གང་ཡང་མི་སྣང་། དེ་བས་དཔེ་ཀློག་ནི་ཤེས་རབ་ལ་དགའ་བའི་མི་བུ་ཁེར་རྐྱང་བ་དག་གི་དམིགས་བསལ་གྱི་ལོངས་སྤྱོད་ཅིག་ཡིན་ངེས། དཔེ་དེབ་ཀྱི་ཉིན་སྲིབ་འགྲིམ་པའི་བགྲོད་པ་རེ་རེར་བསམ་བློའི་རལ་གྲི་ཡང་ཡང་བརྡར་ཏེ་རྣོ་དབལ་གྱི་དངོས་གྲུབ་བརྙེས་པ་དང་ཆབས་ཅིག བསམ་གཞིག་གི་མེ་ལོང་དུ་ཤར་བའི་གཟུགས་བརྙན་ནི་ཆུ་བུར་གྱི་མིག་ལ་སྣང་བའི་གནས་བབ་དང་བར་ཐག་ཧ་ཅང་རིང་ཞིང་། སྨྲ་བརྗོད་ཀྱི་ལྷུ་ལག་ཀྱང་དཔེ་ཀློག་ལ་ཁ་བསྲེ་མེད་པ་དག་དང་ཤིན་ཏུ་འཕྲོད་དཀའ་བས། ལུང་མ་བསྟན་གྱི་མི་གཟུགས་ཚོས་མྱོང་མི་དགོས་པའི་ན་ཟུག་གི་རྡོག་ཁྲེས་ལྷག་མ་རེ་ཡང་འཁུར་དགོས་སྲིད་ལ། དཔྱོད་ཤེས་ཀྱིས་བདེན་པ་གསེད་སྟངས་དང་སྨྲ་བརྗོད་ཀྱི་མདུད་པ་གྲོལ་སྟངས་མི་གཅིག་པའི་ཁེར་རྐྱང་གི་རི་ལུང་ཞིག་ཏུ་འགྲིམ་དགོས་འབྱུང་བའང་སྲིད་མོད། དབང་བོ་ད་ལྟ་བའི་ཡུལ་གྱི་འདོད་ཡོན་ཙམ་མ་གཏོགས་འདས་མ་ད་གསུམ་ལ་བློ་གྲོས་ཀྱི་རྣོ་མི་ཚུགས་པ་དག་དང་ཞལ་འཆམ་པོ་མེད་པ་ནི་རང་གི་བརྡ་རྟགས་གསར་བར་ཁས་འཆེ་བྱ་དགོས་པ་ལས། རྐང་ལག་འཁུམ་དགོས་དང་སྨྲ་བ་ཞུམ་དགོས་ཅི་ཡང་མི་སྣང་ངོ་།།མ་ཟད་མི་སྡུག་པ་དེ་དག་རང་གི་ང་རྒྱལ་གྱི་ཁུད་དུ་གཅུད་ནས་འུར་རྡོ་བཞིན་ཁེངས་དྲེགས་ཀྱིས་སྤུར་དགོས། དེ་བས་དཔེ་ཀློག་གི་ཕྱག་ཟུང་འགུལ་ནས་རྨོངས་འཐོམ་གྱི་མུན་པའི་ཡོལ་བ་རྣམས་རེ་རེ་བཞིན་ཕྱེས་ཏེ་ཤེས་རབ་ཀྱི་རང་འོད་འཕྲོ་བའི་ནམ་མཁའི་ནོར་བུ་དེ་བཙལ་དགོས་ལ། རྙེད་དོན་གྱི་འོད་ཟེར་རེ་རེས་ཀྱང་དོན་དང་དོན་མ་ཡིན་པའི་ཤེས་བྱའི་ཟབ་ཚད་དང་ཕྲ་ཞིབ་ཀྱི་མཚར་སྡུག་བཤམ་དགོས། ཡིན་ནའང་། ཡིག་རྨོངས་པ་རྣམ་པའི་བསམ་ངོའི་དཔེ་ཆ་པ་དག་ནི་སྐོར་ལོག་བཤད་མཁན་དང་དཀྱོག་ལོག་སྒྲུབ་མཁན་གྱི་མ་རུང་བ་ཞིག་མིན་པའི་ངེས་པའང་མེད་དེ། ཕྱི་རྫིག་ལ་དགའ་བའི་ཁོ་པ་ཅག་གིས་གླེགས་བམ་དག་མཆོད་སྒྲོམ་གྱི་བཙོན་དུ་བཅུགས་ནས་ཁང་བ་མཛེས་སྤྲས་ཀྱི་ཡོ་བྱེད་ཙམ་དུ་ངོམ་པ་ལས། ཡིག་འབྲུའི་སྣོད་དུ་བསྙལ་བའི་བརྗོད་སྙིང་གི་ནོར་བུའི་རིགས་ལ་སྔོག་འདོད་ཀྱི་རྟོགས་པ་ཅི་ཡང་མེད་པས། རང་ཉིད་ཀྱི་མཛེས་པའང་ནང་བསམ་བློའི་སྟེང་ནས་མི་བཙལ་བར་ལུས་ལ་གསེར་དངུལ་འདོགས་ཤིང་གདོང་ལ་སྐག་ཚོས་བྱུགས་པར་སྤྲོ་བ་འདི་ཀླ་ཀློའི་རིགས་སུ་ཧ་ཅང་བྲིན། དཔེ་ཀློག་གིས་ནི་ཡེ་ཤེས་ཀྱི་སྤྱན་ཟུང་དང་འདྲ་བར་ཀུན་ལ་ཐུན་མོང་དུ་སྣང་མི་ཐུབ་པའི་ཆོས་ཉིད་ཀྱི་གཤིས་ལུགས་མང་བོ་ཞིག་རྙེད་འོང་བས། མི་ཚོགས་ཀྱི་ཀ་བ་དང་ཆེ་མཐོང་གི་གདུང་མས་བཏེགས་པའི་གཙུག་ལག་ཁང་གི་སྒལ་ཚིགས་སུ་གསེར་ཏོག་བཞིན་འགྱིང་འདོད་པ་དག་གིས་དཔེ་ཀློག་གི་ཐེམ་སྐས་བརྒྱུད་དགོས་པ་མ་གཏོགས། གཡུ་བྱུར་ཁུར་ནས་ཅི་ཡང་མི་རྩེབས་ཤིང་དབང་ཆ་དྲུད་ནས་གར་ཡང་མི་སླེབས། མདོར་དྲིལ་ན་དཔེ་ཀློག་ནི་མཁས་པའི་དབང་བོ་རྣམ་པར་བློ་འདྲི་བྱས་པ་དང་ཅི་བས་འདྲ་ལ། རིགས་པའི་ཁྱུ་མཆོག་དག་ལ་བགྲོ་གླེང་བྱས་པ་དང་ཀུན་ནས་མཚུངས་པས་ཤེས་རབ་ཀྱི་ཐོན་ཁུངས་ཡིན་པར་ཅི་ཞིག་ཚོམ་ཨང་།

  • ལེ་ཚན་སྔོན་མ།:སེམས་རྒྱུན་ཕྲ་མོ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་རི་ཆུ།