ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྣེ་ཁྲིད་བྱ།

ལྷ་འཛོམས་ཀྱིས་བསྒྱུར།        2020-09-03

  ཁུལ་ཡོངས་ཀྱི2019ལོ་འཁོར་གྱི་ཡ་རབས་ཞི་མཐུན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་ཆོས་ལུགས་ལས་རིགས་མི་སྣའི་གཟེངས་བསྟོད་ཚོགས་འདུ་དར་མདོར་འཚོགས།

ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྣེ་ཁྲིད་བྱ།

   སྤྱི་ཟླ9པའི་ཚེས1ཉིན་ལ་ཁུལ་ཡོངས་ཀྱི2019ལོ་འཁོར་གྱི་ཡ་རབས་ཞི་མཐུན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་ཆོས་ལུགས་ལས་རིགས་མི་སྣར་གཟེངས་བསྟོད་བྱེད་པའི་ཚོགས་འདུ་དར་རྩེ་མདོ་རུ་འཚོགས་པ་རེད། གྲོས་ཚོགས་ཐོག་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཕྱིན་ཆད་ཁུལ་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་བཅས་ཚོགས་འདུར་ཕེབས་ཡོད།

    ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱི་ཚབ་མཛད་ནས2019ལོ་འཁོར་གྱི་ཡ་རབས་ཞི་མཐུན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་ཆོས་ལུགས་ལས་རིགས་མི་སྣར་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ནན་གསུང་གནང་དོན།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་རིམ་པ་ཁག་དང་སྡེ་ཚན་སོ་སོ་དང་རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས།

    ལིའུ་ཁྲེང་མིང་གིས་གསུངས་དོན།2019ལོར་ཏང་གི་མི་རིགས་ཆོས་ལུགས་བྱེད་ཕྱོགས་སྲིད་ཇུས་ཀྱི་མཛུབ་སྟོན་འོག་དང་། ཞིང་ཆེན་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་སྲ་ཞིང་བརྟན་པའི་མགོ་ཁྲིད་གནང་འོགཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་ལྷིང་བཅས་ཀྱི་དོན་ཆེན་ལ་སེམས་ཁུར་བྱས་ཏེ“རྒྱལ་ཁབ་དཔལ་གྱིས་བརྒྱན་ཞིང་། སེམས་ཅན་བདེ་ལམ་དུ་འགོད་པ་དང་། རྒྱལ་གཅེས་ཆོས་གཅེས། སྡོམ་སྲུང་དམངས་ཕན”བཅས་ཀྱི་སྲོལ་རྒྱུན་བཟང་པོར་རྒྱུན་འཛིན་བྱས་ནས། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ལྷག་པར་དུ་ད་ལོར་གློ་བུར་དུ་བྱུང་བའི་ཏོག་གསར་གློ་རིམས་དང་འཕྲད་པའི་སྐབས་སུ་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་བཀོད་འདོམས་ལ་བརྩི་སྲུང་མཐའ་གཅིག་ཏུ་བྱས་ནས་རང་ཁུལ་གྱི་རིམས་བབ་འགོག་ཟོན་གྱི་མི་དམངས་དམག་འཁྲུག་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན།  2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་འགག་རྩའི་ལོ་ཞིག་ཡིན་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུའི་ལོ་ཞིག་ཡིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཞིག་ཀྱང་རེད། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་ཁྲིམས་ལྟར་དགོན་སྡེའི་དོ་དམ་ལ་ཤུགས་བརྒྱག་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ནན་ཏན་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་ཞེ་མཐུན་ཕྱོགས་མཐུན། ཞེ་མཐུན་སྤྱོད་མཐུན་བཅས་བྱེད་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས།ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས“ཏང་དྲིན་དྲན་པ་དང་། མེས་རྒྱལ་ལ་དགའ་བ། ཁྲིམས་ལུགས་སྲུང་བ།འབྱོར་འབྲིང་སྐྲུན་པ”བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་ཆེད་རང་ཉིད་ཀྱི་བློ་རིག་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། 

   ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་བླངས་ནས་ཆབ་སྲིད་ཀྱི་རྟོགས་ཚད་ལོན་པའི་དཔེ་སྟོན་པ་བྱ་དགོས། དཀར་མཛེས་ཁུལ་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་ཆོས་ལུགས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་ཆོས་ལུགས་ལས་རིགས་ཀྱི་དྲང་ཕྱོགས་ཀྱི་སྣང་ཚུལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་པ་བྱ་དགོས། བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱས་ནས་དགེ་འདུན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་མཁན་གྱི་ལག་ལེན་པ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།

  • ལེ་ཚན་སྔོན་མ།:ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༢༽
  • ལེ་ཚན་རྗེས་མ།:ཀྲུང་ཧྭ་མི་རིཊ་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས།
  • དོ་སྣང་ཆེ་བའི་རྩོམ།