ཨ་མ།

        2020-09-02

མ་ཡུམ་གོས་དཀར་སྐྱིད་ལ་ཕུལ་བ།

སྙིང་རྗེའི་འདབ་མ་རྒྱས་པའི་མཚན་དཔེ་ལ།།

འགྲོ་ཀུན་སྡུག་ལས་སྐྱོབ་པའི་ཟེའུ་འབྲུ་ཅན།།

ལྷ་གཅིག་ཕྱག་ན་པདྨོ་ཐུགས་རྗེའི་དཔལ།།

སྤྱན་གྱི་འཁོར་ཕྱོགས་འགྲོ་བའི་ཨ་མར་གཟིགས།།

གླིང་བཞིའི་རིན་ཆེན་ནོར་གྱིས་མི་ཁུག་པའི།།

དལ་རྟེན་མི་ལུས་ཐོབ་པའི་སྐལ་བཟང་དེ།།

ཤར་ཀྱང་ཚེ་རབས་ལས་ཀྱི་འཕེན་པ་ཡི།།

དྲིན་ཆེན་ཨ་མར་དཀའ་ལས་གཏད་དགོས་བྱུང་།།

འཇིག་རྟེན་བྱ་བའི་བྲེལ་འཚུབ་གོ་རིམ་ཁྲོད།།

ཟླ་དགུ་ཞག་བཅུར་མངལ་དུ་བསྐྱངས་པ་ཡི།།

བྱམས་ལྡན་སྙིང་རྗེའི་བདག་མོ་གང་དེ་ཡི།།

དྲིན་ལ་དྲིན་དུ་ཤེས་པའི་སྙན་ཚིག་བསྐྱངས།།

ལུས་ཀྱི་ལང་ཚོ་ནར་སོན་མ་བྱུང་བར།།

འཚོ་བཅུད་ནུ་འོ་ཁ་རུ་ལྡུད་པ་དང་།།

ཁ་འཇམ་བྱམས་དུངས་ལས་ལ་བྲེལ་བ་ཡི།།

མ་རྒན་དྲིན་མོ་ཆེ་དེར་མགོས་ཕྱག་འཚལ།།

འགྲོ་འདུག་སྤྱོད་པའི་འཁོར་ལོ་གར་བསྒྱུར་ཀྱང་།།

འབྲལ་མེད་ལས་ཀྱི་ཁུར་དུ་བླངས་པ་དང་།།

ཚ་གྲང་འཁོར་བའི་འགྱུར་ལྡོག་གནམ་གཤིས་ཀྱི།།

དཀའ་སྡུག་རྔུལ་ཆུའི་ཁྲོད་ནས་ང་རང་བསྐྱབས།།

ལག་པའི་ཕྱི་ནང་རྣག་དང་ཁྲག་གིས་གང་།།

ལུས་ཀྱི་མགོ་མཇུག་རྡུལ་གྱིས་གཡོག་ནའང་།།

བཟོད་བསྲན་ལས་ཀྱི་ཐོན་པའི་བུ་ཆུང་ལ།།

གཅེས་བྱམས་དུང་བའི་ཤ་དྲོད་གླན་པར་བྱས།།

སྐྱ་ཟད་སྔོ་གཏུགས་བུ་ཆུང་ལས་ངན་པོར།།

ལོ་ཟླ་གཉིས་ཀར་སྐྱིད་སྡུག་མ་བྱུང་ཡང་།།

དམར་མདངས་རྒྱས་པའི་ཨ་མ་དྲིན་ཆེན་ལ།།

ལས་ཀྱི་བསྐོས་པའི་གཏམ་རྒྱུད་རིང་པོ་གྲུབ།།

ལོ་ཟླའི་འཁོར་འགྲོས་ཡུན་གྱི་ཕར་སོང་ཚེ།།

ན་ཚོད་སྔར་ལས་ཅུང་ཙམ་ཆེ་ན་འང་།།

འཇིག་རྟེན་ལུགས་གཉིས་ལམ་གྱི་ཤེས་བྱ་ལ།།

རྨོངས་པའི་ཐབས་བསལ་ཨ་མར་བརྟེན་དགོས་བྱུང་།།

མདོར་ན་གོག་འགྲོས་ནས་བཟུང་ད་ལྟའི་བར།།

སྐྱིད་སྡུག་རེས་མོས་ཟོ་ཆུན་རྒྱུད་མོ་བཞིན།།

ཆད་མེད་རྟག་ཏུ་འཁོར་བའི་གོ་རིམ་ཁྲོད།།

ཨ་མའི་བྱམས་བརྩེའི་འོད་ཟེར་འཁྱུགས་ཏེ་བྱུང་།།

རྒྱང་རིང་རི་ཆུ་སྟོང་གི་བར་ཁྱད་དང་།།

ཡུན་ཐུང་ཉིན་ཞག་ཙམ་གྱི་འགྲོ་ལམ་དུ།།

སྤྱན་ཟུང་ཉི་ཟླའི་ཀོང་བུ་མི་གཟིམ་པར།།

ངང་སྒུག་ཉིན་མཚན་བརྩོན་པའི་མ་ལགས་ཀྱེ།།

ན་ཚོད་བཅུ་དགུའི་སྐས་ཐེམ་བརྒལ་བྱས་ཏེ།།

གནས་ལྔ་རིག་པའི་སྦྲང་རྩི་མྱོང་བའི་མཚམས།།

རྒྱུ་འབྲས་མན་ངག་དཔལ་ལ་ཉེར་སྤྱོད་ན།།

དྲིན་ཆེན་ཨ་མའི་དྲིན་ལན་འཇལ་བར་བྲེལ།།

སྐྲ་ལོར་ཁ་བ་བབས་པའི་ཨ་མ་ཡི།།

ལུས་ཀྱི་སྙེ་མ་རིམ་བཞིན་རྒུད་པའི་ཚེ།།

སྲོག་གི་སྙིང་པོར་འཛིན་པའི་བུ་ཆུང་གིས།།

མ་ཡི་རེ་འབྲས་རྙེད་པའི་སྨོན་ལམ་འདེབས།།

འདི་སྣང་འཁོར་བའི་ཉིན་སྲིབ་གང་དུ་ཡང་།།

འབྱུང་བཞིའི་གཟེར་ནད་འཁྲིགས་པའི་ལས་བདོ་ཡང་།།

འགྲོ་ཁམས་སྐྱོབ་པའི་གུ་རུ་པད་འབྱུང་གིས།།

མ་རྒན་དྲིན་མོ་ཆེ་དེར་ཐུགས་རྗེས་གཟིགས།།

རྒྱང་རིང་ལྔ་རིག་པདྨོའི་སྐྱེད་ཚལ་དུ།།

ཤེས་བརྩོན་གཞུང་ལུགས་སྨིན་པའི་མེ་ཏོག་གི།

ཟེའུ་འབྲུའི་བཅུད་ལ་རོལ་བའི་བུ་ཆུང་གིས།།

དྲན་གདུང་སྐྱོམ་པའི་མིག་ཆུའི་མཚོ་ཁ་ནས།།

སྙན་ཚིག་རིག་བྱེད་དབྱངས་ཅན་ལྷ་མོ་ཡིས།།

བྱིན་རླབས་དགོས་པའི་དངོས་གྲུབ་མ་ཞུས་པར།།

སེམས་ཀྱི་འདུ་ཤེས་ངོས་ཀྱི་བཀའ་དྲིན་དག།

གློག་རྡུལ་ཡིག་གེར་ཕབས་ཏེ་འཕྲིན་འདི་ཕུལ།།

༼ རོལ་སྐུད། ༽


  • ལེ་ཚན་སྔོན་མ།:ལྷ་སར་འཕུར་བའི་གསེར་བྱ་ངང་པ།
  • ལེ་ཚན་རྗེས་མ།:བརྡ་རྙིང་།