སེམས་རྒྱུན་ཕྲ་མོ།

        2020-09-02

ང་རང་གཡའ་དག་པའི་ནམ་མཁར་དགའ་ཞིང་འོད་ཟེར་གྱི་རླབས་རྒྱུན་ལའང་རྔམ་སེམས་ཤིན་ཏུ་ཆེ། དེའི་རྐྱེན། ཉིན་མའི་གུང་ནས་མལ་གདན་སྒོ་ཕྱིར་དྲུད་དེ་གན་རྐྱལ་དུ་ཉལ་གྱིན་འོད་ཟེར་གྱི་འཇམ་མཉེན་མྱོང་བར་དགའ། ང་ལ་མཚོན་ན། འདི་ནི་ལེ་ལོ་དང་བསླུ་བྲིད། རྒྱལ་ཁ་དང་ཕམ་ཁའི་རྙོག་དྲ་མེད་པའི་མི་ཡུལ་གྱི་མྱོང་བ་དྭངས་ཤོས་དེ་ཡིན།

ང་རང་ཆར་ཟིམ་ཁྲོད་དུ་སྡུག་ཅི་ཞིག་མྱོང་གིན་ཡོད་པ་ཇི་བཞིན་ཆར་གདུགས་དང་ཆར་ཆས་གང་ལའང་མི་བརྟེན་པར་ཆར་འོག་ཏུ་ཀྲོང་ངེར་ལངས་པར་དགའ། ང་ལ་མཚོན་ན། འདིའང་ལུས་སེམས་ཀྱི་སྡིག་པ་སངས་པའི་ཆོ་གར་བརྩིས་ཡོད།

ང་རང་ས་སྲོད་ཀྱི་མཚམས་སྤྲིན་དང་རླུང་བུ། ཤིང་སྡོང་དང་མེ་ཏོག་ལ་དགའ་པོ་ཡོད། ལྷིང་འཇགས་ཀྱི་ཁམས་སུ་གྲོལ་བའི་རང་བྱུང་གི་ཞི་དུལ་ནི་པད་དཀར་ཇི་བཞིན་སེམས་སུ་སྡུག་ལ་སྙིང་དུ་མཛེས། ང་ལ་མཚོན་ན། འདི་ལས་མི་གཤིས་ཀྱི་ནང་རོལ་དུ་སྐྱེས་པའི་ཆེས་རྣམ་དག་གི་རང་ཉིད་རྙེད་ཐུབ་ལ། མི་ཚེ་ཟེར་བའི་དགའ་སྐྱོ་ཆགས་སྡང་གི་ཐ་སྙད་དེའང་རྙེད་ཐུབ།

ང་རང་དམ་བེ་ནང་གི་ནས་ཆང་ལའང་དགའ་པོ་ཡོད། བུ་མོ་མང་པོ་ཞིག་ཆང་ལ་དགའ་པོ་མི་འདུག དེ་ནི་ང་དང་འདྲ་བའི་སྐྱོ་གདུང་མེད་པ་འདྲ། ང་ལ་མཚོན་ན། ང་རང་ཧ་ཅང་ངལ་ཞིང་དུབ་པར་གྱུར་ཚེ་ཡིད་ཚིམ་པའི་བཟི་སྐྱེན་པ་རེ་མཆོད་ཀྱིན་ཡོད། འདི་ལྟར་རང་གིས་རང་ལ་སེམས་གསོ་བྱས་མྱོང་། ངས་ཆང་ལ་བློ་སེམས་དཀར་བ་ནང་བཞིན་ཆང་གིས་ཀྱང་ང་ལ་བློ་སེམས་དཀར་དཀར་ཡིན།

ང་རང་རི་འགོའི་སྤྲིན་དཀར་ལ་དགའ་པོ་ཡོད། སྤྲིན་དཀར་ཚོམ་བུ་རེའི་གཟུགས་ལ་བྲིས་མི་ཚར་བའི་གཏམ་རྒྱུད་རེ་མངའ་བས། ངས་རང་ཉིད་ནི་རི་སྒང་གི་དཔྲལ་བར་འབྱར་བའི་ལྷིང་འཇགས་ཀྱི་ཤིང་སྡོང་ཞིག་ཡིན་ན་བསམ་བྱུང་། དུས་ཡུན་རིང་བོར་སྤྲིན་དཀར་དང་ལྷན་དུ་འདྲེས་ཏེ་ཡིད་སེམས་མགུ་བའི་གཏམ་རྒྱུད་དེ་ཉིད་དལ་བུར་བཀླག་ན་བསམ། ང་ལ་མཚོན་ན། ཁྱོད་དང་འབྲེལ་བའི་གཏམ་རྒྱུད་རེ་རེ་ནི་ནང་སེམས་ཀྱི་ལོངས་སྤྱོད་ཡིན་ལ་འགྲོ་འདུག་གི་ཁ་ཕྱོགས་ཡིན་འགྲོ།

༼ པདྨ་ལྷ་མཛེས། ༽


  • ལེ་ཚན་སྔོན་མ།:བྱམས་བརྩེ་ལས་བལྟམས་པའི་སྙིང་སྟོབས།
  • ལེ་ཚན་རྗེས་མ།:དཔེ་ཀློག་ནི་ཤེས་རབ་ཀྱི་ཐོན་ཁུངས་ཡིན།