ལྷ་སར་འཕུར་བའི་གསེར་བྱ་ངང་པ།

        2020-09-02

ནམ་དུས་དགུན་ཁའི་རྐེད་རགས་ཇེ་དམ་ཇེ་དམ།།

གསེར་བྱ་ངང་པའི་སྐྱོ་གླུ་ཇེ་མང་ཇེ་མང་།།

སྤྱི་གསར་ཁ་བའི་འདབ་མ་ལྷུག་པོར་གྲོལ་དུས།།

བདག་གི་གསེར་བྱ་ངང་པ་ལྷ་སར་འཕུར་སོང་།།

ཐལ་བ་རླུང་གིས་སྤུར་བས་མིག་རྩ་རྒོད་སོང་།།

ལུས་པོ་གྲང་བས་གཙེས་ཏེ་རྩ་ཡང་འཁུམས་ཐལ།།

སེམས་པ་བྱ་རྒྱལ་རྒོད་བཞིན་བྲག་རིར་གཏད་ཀྱང་།།

བདག་གི་གསེར་བྱ་ངང་པ་ལྷ་སར་འཕུར་སོང་།།

ཕྱི་བཏུམས་ནང་བཏུམས་བྱས་ཏེ་ཨུ་ཚུགས་ཚ་པོས།།

ཤར་གྱི་ཉི་མ་སེར་པོ་ནུབ་ཏུ་བསུས་ཡོད།།

སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་དྲན་དུས།།

བདག་གི་གསེར་བྱ་ངང་པ་ལྷ་སར་འཕུར་སོང་།།

འོད་ལས་དྲོད་ཁོལ་མེད་པའི་གློག་སྒྲོན་འོག་ཏུ།།

ཚིག་ལས་དོན་སྙིང་དཀའ་བའི་དེབ་ཐེར་བཟུང་སྟེ།།

བསམ་བློ་དྲུག་གསུམ་བཅོ་བརྒྱད་འོ་བཞིན་དཀྲོག་དུས།།

བདག་གི་གསེར་བྱ་ངང་པ་ལྷ་སར་འཕུར་སོང་།།

ཁྱི་རྒན་ཟུག་རྔུ་མཇེད་པའི་རི་མ་འདབས་སུ།།

མུན་པའི་གྲིབ་གཟུགས་ནག་པོ་ག་ལེར་འཕོས་ཤིང་།།

འཇིགས་སྐྲག་མཚན་མོའི་འདྲེ་ཡིས་རྒྱ་ལམ་བཀག་ཀྱང་།།

བདག་གི་གསེར་བྱ་ངང་པ་ལྷ་སར་འཕུར་སོང་།།

གློག་སྐུད་ཕོ་མོ་གཉིས་ཀྱི་འདོད་པས་བསྐྲུན་པའི།།

ངོ་མཚར་འཇིག་རྟེན་ཆུང་ངུ་སོར་མོས་བརྫིས་ཏེ།།

སྙིང་གཏམ་དཔྱིད་ཀྱི་སྦྲང་ཆར་སིམ་མེར་འབབ་དུས།།

བདག་གི་གསེར་བྱ་ངང་པ་ལྷ་སར་འཕུར་སོང་།།

ཆུ་ལྦུར་སྙིང་གཟུགས་སྟོང་གི་དྭངས་གཙང་མཚོ་མོ།།

ཁེར་རྐྱང་གཅེར་བུར་ལུས་པའི་དར་ཁས་བསྒྲིབས་པས།།

སེམས་ཀྱི་གནས་མལ་ཞིག་པའི་གསེར་བྱ་ངང་པ།།

ལ་ལུང་རི་ཆུ་བརྒལ་ནས་ལྷ་སར་འཕུར་འགྲོ།།

དྲིན་ཅན་ཨ་མས་བསྐོལ་བའི་འོ་ཇ་མངར་མོར།།

བད་ཀན་ཚིམ་བྱེད་དེ་ཡིས་ཨ་ལན་མི་སྟེར།།

ཐག་རིང་རྒྱང་ན་ལུས་པའི་གཏན་གྱི་འདུན་མར།།

སྤྱན་གྱིས་མགོ་བོ་འཇོག་པའི་ལོ་རྒྱུས་ཨ་ཡོད།།

གཡང་དཀར་མ་མོའི་གྲེ་བ་གློ་བུར་འགག་སོང་།།

རྟུལ་ཕོད་འབྲི་གཡག་དར་མ་ཐང་ནས་ཉལ་འདུག།

གཤིན་རྗེའི་ཕོ་ཉ་དཀར་ནག་སེམས་ལ་འཆར་དུས།།

བདག་གི་གསེར་བྱ་ངང་པ་ལྷ་སར་འཕུར་སོང་།།

གཅིག་མིན་གཉིས་མིན་ཐེངས་མ་བརྒྱ་ཕྲག་ས་རུ།།

དྲན་གདུང་རུམ་གང་ངལ་མེད་གཤོག་པར་བཏགས་ཏེ།།

བདག་གི་གསེར་བྱ་ངང་པ་ལྷ་སར་འཕུར་སོང་།།

རི་བོ་གྲུ་འཛིན་ཞོལ་གྱི་ཁྱེད་ཀྱིས་ཤེས་སམ།།

༼ སྲད་འདབ་གསར། ༽


  • ལེ་ཚན་སྔོན་མ།:གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།
  • ལེ་ཚན་རྗེས་མ།:ཨ་མ།