ལིའུ་ཁྲེང་མིང་གིས་སེར་ཤུལ་རྫོང་དུ་རྟོག་ཞིབ་གནང་།

སྐལ་ཐུབ་ཀྱིས་བསྒྱུར།        2017-09-19

སྤྱི་ཟླ9པའི་ཚེས14ནས15ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སེར་ཤུལ་རྫོང་ཕྱག་ཚྭ་ཤང་དང་ཝ་ཤུལ་ཤང་། སྡེ་གཞུང་མ་ཤང་། སེར་ཤུལ་དགོན་པ་བཅས་སུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་པ་དང་སྦྲགས་ཡུལ་དངོས་སུ་སེར་ཤུལ་རྫོང་གི་དབུལ་ཐར་འགག་སྒྲོལ་དང་ཐོན་ལས་འཕེལ་རྒྱས། ཐུམ་འབུའི་ནད་འགོག་བཅོས། ཁྲིམས་ལྟར་དོ་དམ་བཅས་ཀྱི་ལས་ཀར་རྟོག་ཞིབ་གནང་བ་རེད།

ལིའུ་ཁྲེང་མིང་གིས་སེར་ཤུལ་རྫོང་གི་ལས་བྱེད་པ་དང་ལས་བཟོ་ཚོས་དབྱང་མི་འདང་ཡང་དད་སེམས་མི་ལྷོད་པ་དང་བློ་རིག་མི་འགག་པ། དབྱང་མི་འདང་ཡང་སྤོབས་སེམས་མི་ཉམས་པའི་སེར་ཤུལ་གྱི་སྙིང་སྟོབས་དར་སྤེལ་བཏང་བར་ཁས་ལེན་གང་ལེགས་གནང་བར་མ་ཟད། འཐབ་ཇུས་ཆེན་པོ་དྲུག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་གཅིག་གྱུར་འཆར་འགོད་བྱས་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།

ལིའུ་ཁྲེང་མིང་གིས་ཕྱག་ཚྭ་མཐུན་སྐྱིད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་དང་ཝ་ཤུལ་ལྕམ་རྩྭ་འདེབས་གནས། བྱང་སྡེ་ཉི་མ་རྫ་ཆུ་ཁའི་ཞིང་འབྲོག་ཡུལ་ཐོན་ཁྱད་རྫས་གསར་འབྱེད་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་། སྡེ་གཞུང་མ་ཤང་གི་གནས་སྤོ་དབུལ་སྐྱོར་བཀོད་འཇོག་བྱེད་སར་རྟོག་ཞིབ་གནང་དུས་བསྟན་དོན། ཐོན་ལས་འཕེལ་རྒྱས་ནི་དབུལ་ཐར་འགག་སྒྲོལ་གྱི་འདེགས་སྐྱོར་གལ་ཆེན་ཡིན་པས་ས་གནས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྤེལ་བྱ་དགོས། སྣེ་ཁྲིད་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་དོ་ཁུར་བྱས་ཏེ་སྣེ་ཁྲིད་ཁེ་ལས་ནང་འདྲེན་བྱས་ནས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཁེ་ཕན་མཉམ་སྤྱོད་ཀྱི་ནང་སྲོལ་བཙུགས་ཏེ་ཞིང་འབྲོག་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་དུ་ཞུགས་ནས་དངོས་ཕན་ཇེ་མང་འཐོབ་ཏུ་འཇུག་དགོས། ལས་ཡུན་ལྡོག་སྒྲིག་དང་འཆར་རིས་བཀལ་ནས་ལས་ཀ་བསྒྲུབས་ཏེ་སྤུས་ཚད་ཡོད་པའི་སྒོ་ནས་གནས་སྤོ་དབུལ་སྐྱོར་ལས་ཀ་ཡག་པོ་བསྒྲུབ་ཐུབ་པར་ཁག་ཐེག་བྱས་ཤིང་ཞིང་འབྲོག་མང་ཚོགས་ཁང་པ་ཡག་པོའི་ནང་སྡོད་ཐུབ་པ་དང་འཚོ་བ་ཡག་པོ་རོལ་ཐུབ་པ། གོམས་གཤིས་ཡག་པོ་ལོབ་ཐུབ་པ། དར་སྲོལ་ཡག་པོ་ཆགས་ཐུབ་པར་བྱ་དགོས།

ལིའུ་ཁྲེང་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་གསར་འབྱེད་འཐབ་ཇུས་ཀྱི་དགོངས་པ་དང་ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་། འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བསྟར་བ་དེས་གཞི་འཛིན་སར་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ཁག་ལ་དམིགས་ནས་ལས་ཀ་ཁག་ཡག་པོ་བསྒྲུབ་དགོས། སྔར་ལྷག་གིས་ཐོན་ལས་འཕེལ་རྒྱས་བྱེད་ཤུགས་ཆེ་རུ་གཏོང་ཞིང་ལས་ཀའི་འགན་འཁྲི་དོན་འཁྱོལ། དམིགས་འབེན་ཞིབ་དཔྱད་ནན་པོར་བྱ་དགོས། བྱེད་ཐབས་སྣ་མང་གིས་ཞིང་འབྲོག་དམངས་ལ་སློབ་གསོ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱིས་སྲིད་ཇུས་དང་བཅའ་ཁྲིམས། ལག་རྩལ། རིག་གནས་བཅས་སློབ་སྦྱོང་བྱེད་པར་རོགས་རམ་བྱས་ནས་ཞིང་འབྲོག་དམངས་གསར་པ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

ལིའུ་ཁྲེང་མིང་གིས་བསྟན་དོན། སྔར་ལྷག་གིས་གཞི་རིམ་ལས་སྒྲུབ་མི་སྣར་སེམས་ཁུར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ་ཁོ་ཚོས་གཞི་རིམ་དུ་བློ་བདེ་མོས་ལས་ཀ་བསྒྲུབ་ཏུ་འཇུག་དགོས། ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལས་ཀར་དོན་སྙིང་ཆེན་པོ་ཡོད་པས་རིམ་ཁག་དང་སྡེ་ཁག་གིས་སྔར་ལྷག་གིས་ངོས་འཛིན་ཟབ་མོར་བྱས་ཏེ་འགན་འཁྲི་དོན་འཁྱོལ་དང་གཞོགས་འདེགས་མཐུན་སྦྱོར། ཉམས་མྱོང་དར་སྤེལ། གྲུབ་འབྲས་སྲ་བརྟན་རིམ་སྤོར་བཅས་བྱ་དགོས། འབྱུང་རྩ་ནས་འགོག་བཅོས་བྱ་རྒྱུར་དོ་ཁུར་བྱས་ཏེ་སྔར་ལྷག་གིས་འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་དྲིལ་བསྒྲགས་བྱ་དགོས། དབུལ་ཐར་འགག་སྒྲོལ་དང་ཟུང་འབྲེལ་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཏང་འཛུགས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་ལས་ཀར་སྐུལ་སྤེལ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་ཀ་ཞིབ་ཕྲ་འགུལ་ཏེ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཡག་པོ་བསྒྲུབ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་རྣམས་ཕྱུག་འགྱུར་གྱི་སྣེ་ཁྲིད་མཁན་བྱ་རྒྱུ་དང་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཏང་ཡོན་གྱི་གྲས་སུ་འཇོག་དགོས། ནུས་ཤུགས་གཞི་རིམ་ལ་ཕྱོགས་ཤིང་གྲོང་དུད་དུ་ཞུགས་ནས་མང་ཚོགས་ཀྱི་སྐྱིད་སྡུག་འདྲི་བ་དང་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོའི་ལུགས་མཐུན་གྱི་ཞུ་གཏུག་གནད་དོན་ཐག་གཅོད་བྱ་དགོས།

ལིའུ་ཁྲེང་མིང་ད་དུང་སེར་ཤུལ་དགོན་པར་ཕེབས་ནས་དགོན་པ་ཁྲིམས་ལྟར་ཚད་ལྡན་དོ་དམ་ལས་ཀར་རྟོག་ཞིབ་གནང་བ་དང་། ཁོང་གིས་གྲྭ་བཙུན་རྣམས་ལ་ཆབ་སྲིད་གནས་ཚུལ་དང་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་དང་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་གཅེས་ཆོས་གཅེས། སྡོམ་སྲུང་ཉམས་ལེན། སྒྲིག་སྲུང་ཁྲིམས་སྲུང་བཅས་ཀྱི་དཔེ་སྟོན་མཁན་བྱེད་ཅིང་། ཐོག་མཐའ་བར་གསུམ་དུ་ཏང་ཨུ་དང་སྲིད་གཞུང་དང་སེམས་མཐུན་ཕྱོགས་མཐུན་སྤྱོད་མཐུན་བྱ་དགོས་པའི་སྐུལ་མ་གནང་བ་རེད། ཁོང་གིས་དགོན་པའི་དོ་དམ་ཨུ་ལྷན་གྱིས་འགན་འཁྲི་ལེགས་སྒྲུབ་བྱེད་ཅིང་། ཁྲིམས་ལྟར་ཚད་མཐུན་གྱིས་དགོན་པའི་མི་ནོར་དོན་གསུམ་དོ་དམ་བྱ་དགོས། རིམ་ཁག་དང་སྡེ་ཁག་གིས་མི་རིགས་དང་ཆོས་ལུགས་ལས་ཀ་ཡག་པོ་སྒྲུབ་པའི་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་དང་སྤྱི་ཡོངས་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གདིང་ཟབ་བྱེད་ཅིང་། ཆོས་ལུགས་ལས་ཀའི་ཁ་ཕྱོགས་ཡང་དག་པ་བསྒྱུར་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཕྲོད་མཐུན་ཡོང་བར་སྣེ་ཁྲིད་ཧུར་ཐག་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།

ཁུལ་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིའུ་ཅེ་ཞང་དང་སེར་ཤུལ་རྫོང་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་རྟོག་ཞིབ་ལ་ཕེབས་རོགས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་མི་རིགས་རིག་གནས་གནའ་གཞུང་གི་སྲུང་སྐྱོང་ལས་ཀར་ཕན་ནུས་མངོན་གསལ་དོད་པོ་ཐོབ།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཐེངས་གཉིས་པའི་མཁས་པའི་གྲོས་ཚོགས།
  • དོ་སྣང་ཆེ་བའི་རྩོམ།