བྱམས་བརྩེ་ལས་བལྟམས་པའི་སྙིང་སྟོབས།

ཀུན་མཁྱེན་གྲགས་པ།        2020-08-31

ཀྱེ་ཀྱེ།ཕྱི་ལོ༢༠༢༠ལོ་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་ཆེན་མོར་བུ་ལོན་གང་ཞིག་གཞལ་བའི་དུས་ཆད་ལ་ཐོན་པ་ཡིན་ནམ།ཡང་ན་སྒང་བ་བོད་ཀྱི་བཤད་སྲོལ་ལྟར་བསྐལ་བ་སྙིགས་མའི་དུས་ཟེར་བར་འཁེལ་བ་ཡིན།ལར་ངེད་ཅག་མིའི་རིགས་གཏུམ་དྲག་དང་ཧམ་སེམས།འདོད་རྔམས་དང་སྡིག་ལས།མདོར་ན་ཉོན་མོངས་དུག་གསུམ་གྱི་དབང་དུ་ཕྱིན་དྲགས་པར་ལ་ཡོགས་བྱུང་བ་ནི་མིག་མཐོང་ལག་ཟིན་མ་རེད་དམ།ལོ་འདི་ནི་དངོས་ནས་སྐྱ་ཟད་སྔོ་སྡུག་གི་ལོ་ཞིག་རེད་ཨང་།རང་རྒྱལ་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་ནད་དུག་གསར་བ་དང་།ཨོ་གླིང་གི་མེ་སྐྱོན།ཁ་ན་ཏའི་གངས་ཀྱི་འཇིགས་པ།ཧྥེ་གླིང་གི་ཆ་ག་བའི་གནོད་པ་སོགས་མི་འདོད་དོན་རྐྱེན་གང་མང་ཞིག་གཅིག་རྗེས་གཉིས་མཐུད་དང་།འཕྲོ་རིམ་འཕྲོར་མཛོ་སྦྲེལ་གཡང་ལྷུང་གི་ཚུལ་གྱིས་ང་ཚོའི་སྣོད་བཅུད་ལ་རྐྱེན་ངན་རུ་འཛིང་དུ་ལྷགས།སྐྱེ་དངོས་ཁ་ཤས་ནི་ཁ་དག་ཞབས་རྫོགས་ཀྱང་བྱས་ཚར་འདུག་ལ།གོ་ལ་ཟླུམ་པོ་འདིའི་དབང་སྒྱུར་བར་གྲགས་པའི་འགྲོ་བ་མིའི་རིགས་ཀྱང་ནད་ཡམས་ཀྱི་མདུན་དུ་ཅི་བྱ་གཏོལ་བྲལ་དུ་གྱུར་ཅིང་།བ་སྤུ་གཟེངས་ལ་སྐྱི་གཡའ་བའི་རྣམ་འགྱུར་ཙམ་སྟོན་པ་ལས་ཅི་ཡང་མ་ནུས།མདོར་ན་འདི་དག་ཐམས་ཅད་ཀྱི་འབྱུང་རྩ་ནི་མིའི་རིགས་རང་ཉིད་ལ་ཐུག་ཡོད་ཅིང་།དེ་ལས་ཀྱང་མིའི་རིགས་ཀྱི་ནང་སེམས་ན་བྱམས་བརྩེ་མེད་པ་ལས་བསྐྱེད་པ་རེད།

ཏོག་དབྱིབས་ནད་དུག་ནི་རྩྭ་སྐྱ་མེ་ལ་ཤོར་བ་བཞིན་ས་ཁུལ་ནས་ས་ཁུལ་དང་།རྒྱལ་ཁབ་ནས་རྒྱལ་ཁབ་དུ་མཆེད་དེ་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་་ཅིང་།ནད་ཡམས་ཀྱིས་མིའི་རིགས་ཀྱི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོར་བརྡབ་གསིག་བཏང་། སྙིང་རྗེ་དང་བཟོད་སྒོམ་སྤུ་ཙམ་མེད་པར་རྒན་མགོ་དཀར་ནས་གཞོན་སོ་དཀར་གྱི་བར་དུ་ནད་དུག་གི་མཚོན་གྱིས་བསྣུན།ང་ཚོ་ནི་གཟེབ་ལ་ཚུད་པའི་བྱེའུ་ཇི་བཞིན་ཅི་བྱ་གཏོལ་མེད་དུ་ཡོད་དུས།ང་ཚོར་མཁོ་བ་ནི་བྱམས་བརྩེ་ཡིན་ལ་ང་ཚོས་འབོར་གྱིན་པའང་བྱམས་བརྩེ་རེད།

རེད་ཡ།གནད་འགག་གི་དུས་སྐབས་འདིར་གསོ་རིག་གཞུང་ལུགས་མ་ལུས་ཁོང་དུ་ཆུད་ཅིང་བློ་སྦྱོང་ཉམས་མྱོང་བཅོས་ཐབས་ཕུན་སུམ་ཚོགས་པའི་འཚོ་བྱེད་དག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་ཚེ་སྲོག་གི་དབུགས་རྒྱུན་རེ་རེ་གསོ་ཕྱིར་ནད་དུག་དང་སྲོག་བསྡོས་སྒོས་འཐབ་མོ་སྦྲན་པ་རེད།མི་ཡུལ་གྱི་ནད་བགེགས་ཞུ་སླད་དུ་ཕེབས་པའི་གོས་དཀར་གྱི་ལྭ་བ་བཀླུབས་ཤིང་ལྷག་བསམ་གྱི་ཆོད་སེམས་བརྟན་པའི་མི་ཡུལ་གྱི་ལྷ་ཚོགས་དག འོད་གསལ་ལྷ་ལས་མཆེད་པའི་སྤུར་རྒྱལ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཀྱང་མོས་གུས་ཆེན་པོ་བྱས་ཏེ་གཙུག་ཏུ་བཀུར་ཞིང་ལྷ་རྗེ་ཞེས་མཚན་སྙན་གསོལ་བའང་མིང་དོན་མཚུངས་པ་རེད།ཉེན་ཁའི་གནས་གཞི་དང་པོ་གདོང་གིས་བསུས་ཤིང་བདག་བས་གཞན་གཅེས་ཀྱི་བསམ་བློ་འཁྲུངས་ནས་ཉམ་ང་བའི་ཚེ་སྲོག་གི་མྱུ་གུ་ལ་ཆུ་ཐིགས་གཏོར།ངལ་དུབ་དང་དཀའ་སྡུག་གི་གཟུར་ཡང་སྙིང་སྟོབས་ཡེ་ནས་མ་འཇིག དད་མོས་དང་བྱམས་བརྩེ་ཡིས་ཁོང་ཅག་ལ་སྒུལ་ཤུགས་རྫོགས་མེད་ཅིག་སྦྱིན་ཡོད་སྲིད།ངས་གསར་འགྱུར་མཉམ་སྒྲོག་ལས་ལྷ་རྗེ་དང་སྨན་བཅོས་མི་སྣ་དག་གིས་ཉལ་སར་ལྷུང་བའི་བགྲེས་སོང་ཞིག་ལ་རོ་བཅུད་ལྡན་པའི་ཤ་ཁུ་ཁེམ་གང་ཁེམ་གང་བྱས་ཏེ་ལྡུད་ཀྱིན་པ་མཐོང་མ་ཐག་སེམས་ཁོང་ལ་སྐྱུར་ཁ་ཞིག་ལངས་ཤིང་མིག་ཟུང་མཆི་མས་སྦངས།ད་དུང་ལོ་ན་བརྒྱད་ཅུའི་ཡན་ལ་སོན་པའི་ཡོན་ཧྲི་ཀྲུང་ནན་ཧྲན་གྱི་བསྲན་ཚུགས་དང་བླ་ན་མེད་པའི་གཤིས་སྤྱོད།ལའེ་ཝིན་ལང་ལྟ་བུའི་ནད་པ་ནི་ཀུན་གྱི་དང་པོར་བརྩིས་ཏེ་ནད་པ་དག་སྐྱོབ་ཆེད་རང་སྲོག་ཀྱང་བློས་གཏོང་ཕོད་པའི་ལྷ་རྗེ་དག ཕ་ཡུལ་དང་ཉེ་དུའི་དྲོད་ཁོལ་ལས་བྲལ་ཅིང་སྤྲོ་སྐྱིད་ཀྱི་འདུ་འཛི་ལས་བུད་དེ་ཚེ་སྲོག་གི་གཤེད་མ་གང་ལ་རྒྱབ་གཏོད་མཐའ་གཅིག་འཁྱོལ་བྱས།བྱམས་བརྩེ་ཡི་སྙིང་སྟོབས་ས་ཆེན་གྱི་ཁྱོན་ལ་དམིགས་མེད་དུ་བཅངས།དེ་བས་མལ་ཁྲིའི་སྟེང་དུ་ཡུན་རིང་ལ་གཉིད་དུ་ཡུར་བའི་ནད་པ་དག་གི་མིག་ཟུང་ཕྱེ་ཡོང་ལ།སྐད་སྒྲ་ཡང་གྲགས་སོང་།འཕག་འཚག་བྱེད་ཐུབ་པར་གྱུར་ལ་ཁྱིམ་མི་དང་ལྷན་འཛོམས་ཐུབ་པར་གྱུར།ཁྱེད་ཅག་ཡོད་པས་མི་ཡུལ་དུ་བྱམས་བརྩེ་ཡི་མྱུ་གུ་འབུས་ཤིང་།དེ་ལས་བཞད་པའི་སྙིང་སྟོབས་ཀྱི་མེ་ཏོག་ཁྲི་མ་འབུམ་གྱིས་རི་ལུང་ཐང་གསུམ་བརྒྱན།འོ་བརྒྱལ་མྱངས་སོང་།གུས་དཀར་མནབས་པའི་མི་ཡུལ་གྱི་ལྷ་ཚོགས།

བོད་གངས་ཅན་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཁམས་ཡིན་ལ་འཕགས་པ་སྤྱན་རས་གཟིགས་ནི་བོད་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་ཡིན་སྟབས།རང་ཅག་གི་མི་རིགས་ལ་བྱམས་སྙིང་རྗེའི་བདག་པོ་ཞེས་ཀྱང་ཟེར།དེ་དང་ཆབས་ཅིག་ང་ཚོ་མི་རེ་རེའི་ཤ་གསེང་རུས་གསེང་ལ་བྱམས་བརྩེ་ཞེས་པའི་ཡིག་འབྲུ་འདི་གཉིས་སིམ་ཡོད།ཀྲུང་ཧྭ་མི་རིགས་ཀྱི་སློབ་གསོའི་མེས་པོར་བསྔགས་པའི་ཁུང་ཙི་ཡིས་སྤྱི་ལོ་སྔོན་ནས་བཟུང“བྱམས་བརྩེ"ནི་ཆེས་མཐོ་བའི་ཀུན་སྤྱོད་ཀྱི་རྩ་དོན་ལ་བསྒོམས་ཏེ“བྱམས་བརྩེ"ལྟེ་བ་ཡིན་པའི་བསམ་བློའི་ལྟ་བ་ཡང་གྲུབ་པར་བྱས། ཁོང་གིས་གསར་གཏོད་མཛད་པའི་རུའུ་ལུགས་པའི་གྲུབ་མཐའ་ནི་ཀྲུང་གོའི་སྲོལ་རྒྱུན་སློབ་གསོའི་གཞི་རྐང་ལྟ་བུར་ཆགས་ཡོད།འདི་ནི་ཀྲུང་གོ་རྒྱལ་ཁབ་ནད་དུག་ལས་རྣམ་པར་རྒྱལ་ཐུབ་པའི་རྒྱུ་རྐྱེན་ཞིག་ཀྱང་ཅི་ལ་མིན།ད་ནི་རྒྱལ་ཡོངས་ནས་ནད་ཡམས་ལ་ཚོད་འཛིན་ཐུབ་སྟེ།ཡོད་ཚད་སླར་གསོ་དང་ཕྱིའི་རྒྱལ་ཁབ་དག་ལ་ཉམས་མྱོང་མཉམ་རོལ་གྱིས་ཕྱོགས་གང་མང་ནས་རོགས་རམ་སོགས་བྱས་ཏེ་འཛམ་གླིང་ཐུན་མོང་གི་ཁྲོད་ཞུགས་ཤིང་།འཛམ་གླིང་རང་བཞིན་གྱི་ནད་བགེགས་ལ་གྲོས་ཁ་བསྡུར་གྱིན་ཡོད་པ་འདིའང་ཡང་ཏིག་བྱམས་བརྩེ་ལས་བལྟམས་པའི་སྙིང་སྟོབས་འབའ་ཞིག་གོ།

  • ལེ་ཚན་སྔོན་མ།:སྡེ་བའི་རྒན་པ།
  • ལེ་ཚན་རྗེས་མ།:སེམས་རྒྱུན་ཕྲ་མོ།