མངོན་སུམ་དང་སྒྱུ་མ།

གངས་འཁྱམ་གསར་བུ།        2020-08-28

ཁྱོད་ཀྱིས་མཐོང་བའི་སེང་གེ་ནི་ང་ཡི་གངས་རི་རེད།

ཁྱོད་ཀྱིས་མཐོང་བའི་བྱ་རྒོད་ནི་ང་ཡི་ཤམ་བྷ་ལ་རེད།

ཁྱོད་ཀྱིས་མཐོང་བའི་མེ་ལོང་ནི་ང་ཡི་རྨི་ལམ་རེད།

ཁྱོད་ཀྱིས་མཐོང་བའི་རྨ་ཁ་ནི་ང་ཡི་བྱམས་པ་རེད།

ཁྱོད་ཀྱིས་མཐོང་བའི་སྨད་འཚོང་མ་ནི་ང་ཡི་ལྷ་མོ་རེད།

ཁྱོད་ཀྱིས་མཐོང་བའི་ནམ་མཁའ་ནི་ང་ཡི་མིག་ཆུ་རེད།

ཁྱོད་ཀྱིས་མཐོང་བའི་གྲོང་ཁྱེར་ནི་ང་ཡི་དུར་ཁྲོད་རེད།

ཁྱོད་ཀྱིས་མཐོང་བའི་དར་ལྕོག་ནི་ང་ཡི་དུས་གསུམ་རེད།

ང་རང་ཤི་རྗེས། མངོན་སུམ་དང་སྒྱུ་མའི་ཧྲག་བར་ན།

བསྐལ་བའི་སྣེ་མོ་ན་དཀོན་མཆོག་གི་རྒྱུ་མ་དཔྱངས་ནས།

ང་ལ་ཐར་བའི་ལམ་ཞིག་བསྩལ་དགོས་ཟེར།

གཉིད་ལས་སད་རྗེས། ངའི་སྦག་བཙོག་གི་ཁོག་པ་ན།

སངས་རྒྱས་ཀྱིས་གནང་བའི་ཨ་རག་དང་།

གཤིན་རྗེས་གནང་བའི་མུན་ནག་གཉིས།

མཉམ་དུ་བཞུར་གྱིན་འདུག

  • ལེ་ཚན་སྔོན་མ།:གལ་ཏེ།
  • ལེ་ཚན་རྗེས་མ།:བར་ཐག་རི་ཆུས་བཅད་པའི་ཁྱེད།