སྡེ་བའི་རྒན་པ།

ཞོ་ར་བསམ་འགྲུབ་རྒྱལ།        2020-08-28

ས་ཆེན་པོའི་སྒལ་བར་འཚོ་བའི་སྐྱེ་འགྲོ་སུ་ཞིག་ཡིན་རུང་།བཟློག་ཏུ་མེད་པའི་སྐྱེ་རྒ་ན་འཆིའི་གོ་རིམ་ངེས་པར་མྱོང་དགོས་པ་ལྟར།ཞིབ་པར་བསམ་བློ་གཏོང་དུས།མཚམས་རེར་མཐུ་བཙན་པའི་འཁོར་བའི་གནས་ལུགས་འདི་ལ་སུས་ཀྱང་རྒོལ་དུ་མེད་པ་འདྲ་ཨང་།

སྤྱིར་རང་ཅག་བོད་པའི་རིག་གནས་ཀྱི་ནང་རྫོང་དུ་རྒན་པར་གུས་ཞབས་དང་བརྩི་མཐོང་བླ་ལྷག་བྱེད་པའི་སྲོལ་ཁ་ཤོ་སྣ་རལ་དུ་མ་གྱུར་བར་ཀྲོང་ངེར་གནས་ཤིང་།བྱེ་བྲག་ང་ཚོའི་སྡེ་ལུང་ཁག་ཏུའང་།སྲིད་པའི་ཉམས་མྱོང་ངེས་ཅན་མཆི་བའི་རྒན་པ་དག་ནི།འཚོ་བའི་ཁྲོད་ཀྱི་དོན་ཆེ་ཕྲ་ཆུང་གསུམ་ལ་བློ་འདྲི་ཡུལ་གཙོ་བོར་ངོས་འཛིན་པས།རྒན་པ་ནི་ཁྱིམ་བཟའ་མི་དང་སྡེ་ན་ཟླ་མཉམ་དུ་འཛོམས་ན་གྲལ་མགོ་རུ་བརྟན་ཀྱུག་སེར་སྡོད་མཁན་དང་།ཡང་ན་སྡེ་མགོ་བཟུང་སྟེ་མི་ཚེའི་སྐྱིད་སྡུག་ལེགས་ཉེས་ཅི་རིགས་ལ་བློ་ཐབས་དཀྱུ་ཞོར་ཐག་གཅོད་བྱེད་མཁན་ཡིན་པས། སྤྱིར་བཏང་།རྒན་པའི་རྫོང་མཐུག་པའི་ས་ཆ་དག་ནི།སྡེ་བའི་གཡང་གི་འོ་ཞོ་ཆགས་པའི་རྟེན་འབྲེལ་དང་། འགྲོ་མིའི་ཚེ་བསོད་དཔལ་དུ་སྨིན་པའི་མཚོན་བྱེད་དུ་མི་འོས་པ་ཆེར་མེད་དོ།

ང་རང་བྱིས་པ་ཡིན་དུས།སྡེ་བའི་མ་ཎི་ཁང་དུ་འགྲོ་བར་ཧ་ཅང་མོས་པར་མ་ཟད།ཐ་ན་དེ་གར་ཡོད་པའི་རྒན་པ་ཚོའི་མཐའ་མེད་པའི་ཅི་འཕྲོས་མོལ་འཕྲོས་ཁྲོད་ཉིན་མོའི་དུས་ཚོད་མ་ལུས་ཕར་བསྐྱེལ་ཐུབ་པའང་།དམིགས་བསལ་གྱི་རྒྱུ་རྐྱེན་གང་ཡང་མ་མཆིས་མོད།འོན་ཏེ།སྡེ་བའི་ཁྱིམ་ཚང་རེ་འགས་རྒན་པ་རྣམས་ལ་འཆར་ཅན་ལྟ་བུའི་ཟས་འཐུང་དང་ཀ་ར་སིལ་ཏོག་སོགས་འགྱེད་གཏོང་མང་རྐྱེན་ཡིན་སྲིད།གང་ལྟར།ང་ལ་མཚོན་ན་སྡེ་བའི་རྒན་པ་དག་གི་ཁ་དང་མིག་ནང་ལ་ཅེར་ནས་སྡོད་པ་ནི་ཆུང་དུས་ནས་བསྒྱུར་མ་ཐུབ་པའི་སྒེར་གཤིས་ལྟ་བུར་གྱུར་འདུག

བརྒྱ་ལ།ཁྱེད་ནི་འཚོ་བའི་ཁྲོད་ཀྱི་ཁ་བརྡར་མཉན་རྒྱུར་ཧ་ཅང་སྤྲོ་བའི་མི་ཞིག་ཡིན་ཚེ།གྲོག་ཚང་ཕྱེས་ཡོད་པར་འདྲ་བའི་མི་ཚོགས་ཀྱི་གསེབ་ཏུ་རེ་ཞིག་གོམ་སྟབས་སྒྱུར་དང་།དེ་ལས་ཀྱང་།ལོ་ན་དང་སྤྱི་ཚོགས་ཀྱི་མྱོང་བ་ཞེ་དྲགས་གཏིང་ཟབ་པའི་རྒན་པའི་གྲས་སུ་འཚང་ན།ཉིན་གཅིག་གི་དུས་ཚོད་མཐའ་དག་མ་ཎི་འཁོར་ལོའི་རྒྱུ་བ་དང་འགྲོགས་པའི་འཁྲུག་ཆའི་ཁྲོད་ཟད་འགྲོ་བར་བརྟེན།སྐབས་རེར་ང་ཡི་སྣང་ངོར།ཁ་ཏོན་དང་དགེ་རྩར་དམིགས་ཏེ་འདུས་པའི་སྡེ་བའི་མ་ཎི་ཁང་ནི།རྒན་པ་ཚོའི་སྐྱིད་སྡུག་དང་སྡེ་བའི་སྤྱི་དོན་ལ་གྲོས་བྱེད་སའི་འདུན་ས་ལྟ་བུར་བསྙོན་མེད་ཆགས་ཀྱིན་འདུག་ཨང་།

ཚང་མས་བཤད་པ་ལྟར་ན།ད་ཆར་ང་ཚོའི་སྡེ་བ་ཁོ་ནར་ལོ་ན་དྲུག་ཅུ་ཡན་འཚོ་གཞེས་གནང་བའི་རྒན་པ་བརྒྱད་ཅུ་ལྷག་ཡོད་ཅིང་།ཡུལ་གཞན་དང་བསྡུར་ན་བལྟོས་བཅས་ཀྱིས་མང་པོ་འདུག ལྷག་པར་དུ།དེའི་ཁྲོད་ལོ་ན་དགུ་ཅུར་སོན་པ་རེ་འགའ་ཡོད་པ་དག་ཀྱང་།ཕར་བལྟ་བའི་ཚེ་ན།རིག་པ་དྭངས་ཤིང་ཡན་ལག་བདེ་བ།ད་དུང་།ཁྱོད་སུ་ཚང་གི་ཡིན་པའང་བརྡར་ཤ་ཆོད་པའི་ནུས་པ་སོགས་ཀྱིས་ཅུང་ཡ་མཚན་སྐྱེས་པའི་མོད་ལ།ངས་ནི་གློ་རྡེག་ཏུ།ད་ལྟའི་རང་ཉིད་ཀྱི་གདོང་པར་ཞིབ་ཏུ་བལྟས་ཏེ་བསམ་གཞིག་སྣ་ཚོགས་ཀྱི་དབྱིངས་ལ་ཨུ་ཚུགས་ཀྱིས་ཡང་ཡང་འཐམ་དགོས་པ་འདྲ།

ངའི་དྲན་པའི་ཁྲོད་ནམ་ཡང་ཚེར་མ་བཞིན་གཏིང་རོལ་ཟུག་ཡོད་པ་ནི།ང་ཚོ་སྡེ་བའི་རྒན་པ་ཚོ་ཡིན་ལ།ལྷག་པར།སྔ་དྲོར་ཡར་ལངས་མ་ཐག་པའི་སེམས་བསྐྱེད་སྨོན་ལམ་ནས་བཟུང་མར་ཉལ་དུས་བར་གྱི་ཁོ་ཚོའི་ཉིན་རེའི་འཚོ་བའི་གྲུབ་ཆ་རེ་རེ་ཡིན་གཤིས།མ་གཞིར་ནས་གོ་རིམ་ཡོད་ཅིང་སྙིང་པོར་དཀྲིས་པའི་འཆར་ཅན་གྱི་ལས་ཀ་འདི་དག་ནི།ཇི་ལྟར་བསམས་ཀྱང་།འཇིག་རྟེན་གྱི་མཚན་མོ་རེ་རེའི་མལ་གཟན་དྲོན་མོ་འབའ་ཞིག་ཏུ་ཟད་པས།རྒས་གཉེར་དང་ཉི་འོད་ཀྱིས་རྨང་ནས་འཚིག་པའི་ངོ་གདོང་ཀུན་ཏུ།གཏན་དུ་འཇགས་པ་མེད་པའི་གླུ་སྐད་དང་འཛུམ་མདངས་ཀྱི་ཁ་དོག་བསྣོག་ཏུ་མེད་པ་དེ་ཚོ།ཐོག་མ་ཉིད་ནས་རྒྱུ་དང་རྟེན་འབྲེལ་གང་ཡང་མེད་པའི་ཐོལ་བྱུང་གི་སྤྱི་འགྲོས་ཤིག་ཁྱོན་ནས་ཡིན་གྱིན་མ་རེད་ཨང་།

ཡིན་ནའང་།འགྲོས་སྐྱེན་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྡོངས་ནས།ཁ་ཅིག་གིས་རྒན་པ་ནི་སྡུག་གི་ཁུར་པོ་དང་ལན་ཆགས་ཀྱི་གཞི་མར་བལྟས་ཏེ།ཞེ་སྨྲེང་ལ་སྐྱུགས་བྲོ་བའི་བྱ་སྤྱོད་རེ་ཟུང་མངོན་ལྐོག་གང་རུང་དུ་སྟོན་པའང་དངོས་ནས་ཚོད་ཅིག་མེད་པ་འདྲ་གཤིས།བསམ་ཤེས་བྲལ་བ་དང་སྨྱོ་ཞད་ཕོག་པར་སྣང་བའི་ལས་ཀྱི་ཐོང་རྩ་འདི་ཉིད་ཅུང་བསྒག་ཐུབ་པའི་ཚེ་ན།ཤིན་ཏུ་ཡག་སྣང་སྐྱེས།

གང་ལྟར།མ་འོངས་པའི་དུས་ག་ཤེད་དུ།རང་ཅག་གི་རིག་གནས་ཀྱིས་བསླངས་པའི་སྙིང་སྟོབས་དང་མི་གཤིས་ཀྱི་མཛེས་པ་མཐའ་དག་བསྐལ་བ་མ་སྟོངས་ཚུན་དུ་གནས་ཤིང་། དེ་དང་མཉམ་དུ་མིག་རྒྱང་དང་སེམས་བསྐྱེད་མཁའ་ལྟར་ཡངས་པའི་རྒན་པ་དང་།རྒན་བཀུར་དང་ལྷག་བསམ་འཛིན་པའི་མི་བུ་འཁོར་བའི་ཁྲོམ་ཆེན་པོ་འདི་ནས་ལུ་གུ་རྒྱུད་དུ་འབྱུང་བའི་སྨོན་ལམ་སྙིང་ནས་རྒྱག་འདོད་སྐྱེས་བྱུང་།

མདོར་ན།གནས་ལུགས་ཀྱི་མདུན་སར་ངས་ནི་འདི་ལྟར་བསམ་བློ་གཏོང་གིན་མཆིས་ཏེ།རྒན་པ་རྣམས་ནི་འཇིག་རྟེན་གྱི་བློ་ཕུགས་བཅོལ་སའི་རྒྱབ་རི།གཡང་དང་ཕྱྭ་གཡང་སྟོང་གི་ཆུ་མགོ་ལྟ་བུ་ཡིན་གཤིས།གང་ཟག་སུ་ཡིས་སྒོ་གསུམ་རྩེ་གཅིག་འདུད་རྒྱུར་མངོན་པར་ཕྱོགས་ཚེ།རིགས་དང་མཐོ་དམའ་ལ་དབྱེར་མེད་པར།གང་ནས་སྡོད་ཀྱང་ཁ་དགེ་ཀླུང་རྟ་རྒྱས་ཤིང་ཚེ་བསོད་གྲགས་འབྱོར་འཕེལ་ཏེ།རིམ་བཞིན་འདི་ཕྱིའི་ལེགས་ཚོགས་ཡོད་རྒུ་ཆར་ལྟར་བསྙིལ་བའི་རྐྱེན་དུ་འགྲོ་བར་ཅིས་ཀྱང་ཡིད་རྟོན་གནང་ཆོག་གོ །

  • ལེ་ཚན་སྔོན་མ།:ཨ་མའི་སེམས་ཤུགས།
  • ལེ་ཚན་རྗེས་མ།:བྱམས་བརྩེ་ལས་བལྟམས་པའི་སྙིང་སྟོབས།