བོད་ལྗོངས་ཀྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་གཞི་ཚང་པའི་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ།

    མི་དམངས་དྲ་བ།    2020-08-27

བོད་ལྗོངས་ཀྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་གཞི་ཚང་པའི་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ།

འདི་ནི་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བྱ་ཡུལ་ཡིན་པ།

     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ཟླ་8ཚེས་26ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་གཞི་ཚང་པའི་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་རེད།
     བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཞུས་ཝུན་ཆང་གིས། 2020ལོའི་ཟླ་8ཚེས་25ཉིན་བར་བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74དང་། ཤང་གྲོང་476 སྒྲིག་གཞི་ཚང་བའི་གྲོང་ཚོ་2050བཅས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་རེད། ཟླ་བ་གཅིག་གི་སྔ་སྣུར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུས་བཀོད་སྒྲིག་བྱས་པའི“ད་ལོའི་ཟླ་9པའི་ཟླ་མཇུག་གོང་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བྱེད་པའི”དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
     བོད་རང་སྐྱོང་ལྗོངས་ནི་ས་རྒྱ་ཆེ་ལ་དཔལ་འབྱོར་ཅུང་རྗེས་ལུས་ཡིན་ཞིང་། རང་བྱུང་ཆ་རྐྱེན་རྙོག་འཛིང་ཆེན་པོ་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱི་རྫོང་གྲོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་ཡོད། ཤང་གྲོང་99.8%དང་སྒྲིག་གཞི་ཚང་བའི་གྲོང་ཚོ་99.9%ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང་གྲོང་86.4%དང་སྒྲིག་གཞི་ཚང་བའི་གྲོང་ཚོ་61.4%ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད། ད་ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་བྱེད་བཞིན་པའི་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་ཡོད་ཚད་ལེགས་གྲུབ་ཟིན་རྗེས། ལྗོངས་ཡོངས་ཀྱི་ཤང་གྲོང་95%དང་སྒྲིག་གཞི་ཚང་བའི་གྲོང་ཚོ་75%ལ་ཨར་འདམ་ལམ་ཤར་གཏོང་ཐུབ་རྒྱུ་རེད། དེ་2015ལོའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི་གྲངས་49.1དང་58.2སོ་སོར་མཐོ་རུ་ཕྱིན་ཡོད།
     གཞུང་ལམ་དྲ་བའི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་དུས་མཚུངས། བོད་རང་སྐྱོང་ལྗོངས་ཀྱི་རྫོང་དང་ཆུས་74ཚང་མར་གྲོང་གསེབ་གཞུང་ལམ་དོ་དམ་སྒྲིག་གཞི་འཐུས་ཚང་དུ་བཏང་བས་བདག་སྐྱོང་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། མིག་སྔའི་བར་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་ལམ་ཚད་སྤྱི་ལེ་70746ཟིན་ཡོད་དེ། ལོ་ལྔའི་ནང་སྤྱི་ལེ་14176མང་དུ་ཕྱིན་ནས་བདག་སྐྱོང་བྱེད་ཚད་82%ཟིན་ཡོད། དུས་མཚུངས། བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74དང་། ཤང་གྲོང་476 སྒྲིག་གཞི་ཚང་བའི་གྲོང་ཚོ་2050བཅས་སུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དྲ་བ་སྔར་བས་ལེགས་སུ་ཕྱིན་ཡོད་པས། ཞིང་འབྲོག་པའི་ཕྱིར་སྐྱོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
     ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་བྱེད་རིང་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱ་རྒྱུར་གཞོལ་ཡོད། གཞུང་ལམ་འགྲིམ་འགྲུལ་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་པ་དེས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས། ཟོག་འགྲེམས་ལས་རིགས་སྣུར་སྲིང་བཅས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། འདི་ལོ་ཤར་ཚུན་འགྲིམ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་161གི་ལས་ཞུགས་ཐག་གཅོད་བྱས་ཡོད། མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་རིམ་རྩིས་བྱས་ན་མང་ཚོགས་ཁྲི་54.7ལས་ཞུགས་གཞན་སྒྱུར་བྱས་ཡོད་པས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་137.2ཡོང་རྒྱུར་རམ་འདེགས་བྱས་ཡོད། ཞིང་འབྲོག་མང་ཚོགས་ཀྱིས་རང་གི་འཕྲུལ་ཆས་བོགས་མར་གཏོང་བར་ཡོང་འབབ་སྒོར་དུང་ཕྱུར་3.3ཟིན་ཡོད། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་བར། བོད་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་ལས་རིགས་ཀྱིས་སྣོད་བཅུད་ཁ་གསབ་ལས་གནས་ལ་མི་ཁྲི་2.4བཀོད་སྒྲིག་བྱས་ཡོད་པ་དང“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་བྱས་པ་དེས་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་དང་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ད་དུང་ལྷག་མ་ཤང་གྲོང་5དང་སྒྲིག་གཞི་ཚང་བའི་གྲོང་ཚོ་1114ལ་ཨར་འདམ་ལམ་ཤར་གཏོང་ཐུབ་རྒྱུའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། ཞིང་འབྲོག་མང་ཚོགས་རྣམས“བློས་འགེལ་བའི་ལམ་བུར”སྐྱོད་པ་དང་། “བློས་འགེལ་བའི་ཟམ་པར”སྐྱོད་པ། “བློས་འགེལ་བའི་རླངས་འཁོར”ལ་སྡོད་ཐུབ་པ་བཅས་བྱ་རྒྱུ་རེད།

བོད་ལྗོངས་ཀྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་གཞི་ཚང་པའི་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ།
འདི་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཁོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཡིན་པ།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་ཞེས་པ་ཅི་ཞིག་འདྲེས་དགོས་པ་དང་ཅི་ལྟར་འདྲེས་དགོས།
  • དོ་སྣང་ཆེ་བའི་རྩོམ།