ས་སྲོད་དང་མ་ཡུམ།

སྣང་བ་རང་གྲོལ།        2020-08-24

གླིང་ཆེན་འོད་ཀྱིས་ཁྱབ་པའི་གསེར་མདོག་གི་ཉི་མ།།

སྨུག་པའི་ཁ་དཀྲིས་མནབས་པའི་རི་ཚོགས་ཀྱི་ཕྲག་ནས།།

འཁྲེང་སེམས་ཕྱིར་མིག་གཉོམ་པོའི་འཛུམ་བག་དང་བཅས་ཏེ།།

སྤྲིན་དཀར་ཡོལ་བའི་ཕག་ལ་མྱུར་སྟབས་ཀྱིས་ཆས་སོང་།།

ཁ་བའི་འདབ་མར་རྩེན་པའི་ནོར་གནག་གི་ཁྱུ་ཚོགས།།

རང་མལ་ལྷས་རྭ་སྙེག་བཞིན་ཙག་རླུང་གི་གདོང་ནས།།

སྨག་རུམ་མུན་པ་བརྒལ་བའི་སྙིང་སྟོབས་དང་བཅས་ཏེ།།

མཚན་ཐུན་སྔུར་བས་གཅོད་པའི་ངང་ཚུལ་ལ་ཕྱོགས་སོང་།།

མི་བཟོད་གྲང་བའི་གདུང་བ་ཚེར་མ་བཞིན་གཟེངས་ཤིང་།།

རི་ཆུ་ཙག་གིས་བཅུམས་པའི་ས་སྲོད་ཀྱི་རྣམ་པས།།

གདུང་སེམས་འོ་མའི་ངད་ཁ་ལྷས་མལ་དུ་སིམ་པའི།།

བརྩེ་ལྡན་འབྲོག་མོའི་ལས་སྐལ་ཙག་རླུང་ལ་བྲིས་སོང་།།

སྙིང་ལ་བརྩེ་བའི་རི་མོ་འཇའ་ཚོན་ལྟར་བཀྲ་བའི།།

གཅེས་སྙིང་ཕ་མ་ཟུང་གི་སེམས་ཁྲལ་གྱི་སྣོན་མ།།

ལང་ཚོའི་གར་སྟབས་འཁྱུག་པའི་བུ་ཕྲུག་གི་སྣང་བ།།

ས་སྲོད་གྲང་བས་བཙིར་ན་ལྷག་མེད་དུ་བཅོམ་འགྲོ།།

ཡ་ཀིའི་དགོན་ཆེན་མདོ་སྔགས་དགའ་ཚལ་གྱི་ཞིང་དང་།།

མ་ཀིའི་འབྲོག་སྡེ་སྲིད་འབྱོར་བསྟི་གནས་ཀྱི་སྐྱེ་འགྲོ།།

རང་བྱུང་ཆོས་ཉིད་རྒྱལ་མོའི་བཀའ་འོག་ལ་ཚུད་པས།།

ས་སྲོད་གྲང་བས་གདུང་བ་ལྡོག་ཐབས་ཤིག་མི་འདུག།

ངུར་སྨྲིག་རྒྱལ་མཚན་འཛིན་པའི་འཕགས་ཚོགས་ཀྱི་སྡེ་ཡང་།།

བདེ་དྲོད་གཏུམ་མོའི་མེ་ཁ་གསོ་ཐབས་ཤིག་མེད་ན།།

ས་སྲོད་གྲང་བས་གདུང་ཚེ་ལུས་སེམས་ཀྱི་དཀའ་ངལ།།

གྲང་རླུང་སོ་ཁ་འགྲིམ་པའི་གཏམ་རྒྱུད་དུ་གྱུར་འགྲོ།།

དེ་ལྟའི་གྲང་བས་གདུང་བ་བཟོད་མེད་ཀྱི་ཀློང་ན།།

ཕྱིར་མིག་སྙིང་ལ་ལྷུང་བའི་དྲིན་ཆེན་གྱི་མ་ཡུམ།།

རི་སྒང་ཙག་གི་ངད་ཁ་དབང་མེད་དུ་བགྲོད་ཚེ།།

རྒྱང་རིང་བུ་ཡི་སེམས་ཁྲལ་མ་ཡུམ་ལ་ཤོར་འགྲོ།།

མགོ་ཡི་སྐྲ་དཀར་ལུས་ཀྱི་དགྱེ་རྒུར་དེ་དཀའ་ཡང་།།

འདུན་མ་བུ་ལ་བསྲིངས་པའི་སྐྱིད་སྡུག་གི་གདོང་ལེན།།

འཛེམས་མེད་བུ་ཡི་ཆེད་དུ་ཕངས་མེད་དུ་གནང་བའི།།

བརྩེ་ལྡན་ཨ་མའི་བཀའ་དྲིན་སྙིང་ཁུང་ལ་སིམ་འགྲོ།།

མཐོ་བ་བྲག་གི་རྩེ་མོ་མཁའ་དབྱིངས་ལ་ཟུག་སྟེ།།

དམའ་བ་ས་ཡི་འདབ་མ་འཁྱག་རོམ་གྱིས་བཟུང་ཡང་།།

ན་རྒས་རྐྱེན་ཀྱིས་མནར་བ་འགྱོད་མེད་དུ་བསམ་བཞིན།།

གཉོམ་ཆུང་མིག་གིས་འཚོ་བའི་འཛུམ་ཆུང་དེ་དྲན་སོང་།།

མཐོ་བའི་རི་ཚོགས་འདབས་ཀྱི་དར་ལྕོག་གི་ཞོལ་ན།།

དུ་བ་སྨུག་པར་འདྲེས་སའི་ཁང་ཁྱིམ་གི་ཕུག་ན།།

མ་ཎིའི་མགུར་དབྱངས་འཐེན་པའི་མ་ཡུམ་གྱི་མིག་ཟུང་།།

རྒྱང་རིང་ས་སྲོད་མཚམས་ཀྱི་བུ་ཕྲུག་ལ་ཤོར་འགྲོ།།

དེ་ལྟར་ས་སྲོད་དུས་ཀྱི་འཁྲེང་ཞེན་དང་ཕྱིར་མིག།

སྐྱོ་ངལ་སེམས་ཁྲལ་ཁུར་བའི་སྡུག་གཏམ་དང་ཞེན་ཆགས།།

སེམས་ཀྱི་འདབ་མར་གཡོ་བའི་རྣམ་རྟོག་གི་ཚིག་འཕྲེང་།།

སྣང་བའི་འཛུམ་དཀར་ངོགས་སུ་རང་ཡུལ་ནས་བསྒྲིགས་སོ།།

  • ལེ་ཚན་སྔོན་མ།:ཚོགས་དྲུག་རྒན་པོའི་ཁེར་གཞས།
  • ལེ་ཚན་རྗེས་མ།:མི་ཡུལ་འཁྱམས་པོའི་རྒྱང་གླུ།