ཁ་གང་རྒྱུ་མེད་པའི་ཁུག་མ།

ལུག་རྫི།        2020-08-21

དཀོན་མཆོག་མའི་བྲང་གཞུང་གི་ནམ་མཁའ་ལས།

སྤྲིན་དཀར་གྱི་མདངས་སུ་མངར་ཆ་ཧུབ་འགའ།

མཆུ་ཟུང་གི་ཧྲག་བར་དུ།

མངར་སིལ་ལེར་འཛག་དུས་ནས།

ངའི་བག་ཆགས་ཀྱི་གོས་གདང་ལ།

འདོད་ཞེན་གྱི་ཁུག་མ་རང་ཆས་སུ་འཕྱང་ཡོད།

བྱིས་དུས་ཀྱི་ཁུག་མ་དེ།

རྩེད་ཆས་ཀྱིས་བརྒྱང་འདོད་བྱུང་།

ཐེ་གེ་ལུ་གུ་རྒྱུད་སྦྲེལ་དུ།

གཞོན་དུས་ཀྱི་ཁུག་མ་དེ།

ལོངས་སྤྱོད་ཀྱིས་ཕྱུག་ན་སྙམ།

རྒྱས་སྤྲོས་ལ་གུ་ཡངས་སེར།

ད་ཞག་གི་ཁུག་མ་དེ།

མྱ་ངན་ལ་ལག་ཡུག་རྒྱག་པའི།

གསོག་སྲུང་གི་དཔྱ་ཁྲལ་བབས་པའི།

ཁ་འདིག་ཁྲ་ཁྲ་ཞིག་གིས་ཁ་དམ་པོར་བཅིངས་ཏེ།

སྐད་དཔངས་མཐོ་བའི་མཉན་བྱ་མཐའ་དག་ཕྱིར་

འབུད་གཏོང་འདོད་བྱུང་།

དེ་ནས་བཟུང་།

ངའི་ཁུག་མའི་ནང་བྱང་ཐང་གི་ཞི་འཇགས་བླུག་ནས།

ཁུ་སིམ་མེར་སྟེགས་བུ་ལ་རྐུབ་བཙུགས་ཏེ།

མི་ཡུལ་ལུང་བར་ལྟད་མོར་འགྲོ་སྙིང་བྲོ་གི།

  • ལེ་ཚན་སྔོན་མ།:ནས་འཁུར་བུ་མོ།
  • ལེ་ཚན་རྗེས་མ།:མ་ལོ།