བྱམས་པར་ཞུ་གསོལ།

        2020-08-20

ཀུན་ཏུ་བཏེགས་པའི་ཡིད་ཀྱི་སྒྲོལ་མ་ལྷ།།

སེམས་སུ་བསྒྲོན་པའི་མིག་གི་ཟླ་བ་ལྷ།།

རྣམ་ཀུན་དག་པའི་བརྩེ་བའི་མི་ཡི་ལྷ།།།

བྱམས་པ་ཁ་སེམས་སྦྲེལ་ལ་གུས་ཞུ་གསོལ།།

དང་པོ་ཟླ་བའི་ཞལ་ཞིག་ཟུང་གིས་ཟིན།།

འདྲེན་བྱེད་མིག་གི་རྒྱུ་ལམ་སྣང་བས་ཟིན།།

ལྟ་བའི་ཕྱག་དང་ཕྱོགས་སུ་མ་ཡིན་ན།།

ཨེ་མ་སྟོན་པ་དེའང་ཁྱེད་ལས་སུ།།

བསྐལ་བའི་ཆགས་འཇིག་ཆུ་ཡིས་བྲན་པ་ནས།།

སྟོང་གསུམ་གཙང་བོར་འདྲེས་པའི་སྣང་བ་དེ།།

ཟ་ཟི་རྒྱུ་བའི་ལམ་གྱི་སྣེ་མོ་རུ།།

བཏེགས་པ་དེའང་བྱམས་པར་འཁྲེན་པའི་དོན།།

འབྲོག་ཐང་ནམ་མཁའ་སྐར་མས་ཟིན་ཚད་ནས།།

བྱང་སྐར་སྤུན་བདུན་བོད་ལ་འཕྲོས་ཚད་ནས།།

རི་བཞི་སྒང་ལ་ཉུལ་ཡང་མ་རྙེད་པའི།།

པདྨའི་ཟེའུ་འབྲུ་ལྟ་བུའི་བྱམས་པ་མ།།

ཡིད་ཀྱི་ཁུད་དུ་བྲིས་པའི་གཏམ་རྒྱུད་དེ།།

བརྗོད་བྱས་མ་ཟིན་རྨི་ལམ་འཁའ་རུ་ཤར།།

མཁའ་ཡི་བརྗེད་བྱང་ལྟ་བུའི་མིང་ཡིག་དེ།།

གཏམ་རྒྱུད་ཁྲི་རུ་འཕོས་པའི་དཔེ་རུ་བཀོད།།

ཡིད་འཛིན་རྨ་ཁའི་གསེང་ནས་བྲུས་པའི་གཟེར།།

ལོ་དང་ཟླ་བའི་ཁོག་གི་ཟ་འཕྲུག་བཞིན།།

ཡོད་ཚད་མེས་པོའི་མངའ་ཐང་སྟོངས་པ་ལྟར།།

བདག་གི་གློ་སྙིང་མཆིན་གསུམ་འཕྱུང་ནས་ཐལ།།

གཏམ་དང་མི་ཁའི་རླུང་ཆེན་ལྡང་བ་དེ།།

ཆར་ལྟར་ཟོལ་གྱིས་བབས་ཀྱང་ཆད་སྣང་དང་།།

འབྲུག་ལྟར་སྟོབས་ཀྱིས་གྲག་ཀྱང་ཞེད་སྣང་གི།།

འཇིགས་པ་བདག་ལ་ཡོད་པ་རུས་སྦལ་སྤུ།།

ཤོག་གའི་ཉིན་དང་སྲིབ་ཀྱི་བར་ཤད་དུ།།

ང་དང་ཁྱོད་གཉིས་གནས་སྡོད་འཆའ་ནའང་།།

ཞེ་སེམས་རྟིང་མ་བློ་རུ་ཟུག་རྐྱེན་ལ།།

ཁྱེད་ཉིད་དྭངས་བའི་མཚོ་ཡི་ཟླ་བ་འོ།།

བར་རྐྱེན་བསིལ་འཇམ་རླུང་བུ་དགྲ་ཇག་བཞིན།།

མི་ཁའི་རྟ་ལྕག་བཅིངས་ཏེ་འོང་ན་འང་།།

འོ་ཆུ་བསྲེས་པ་བཞིན་པའི་ཞེ་སེམས་དེ།།

རྟ་དཀར་བཅིབས་པ་ལྟ་བུའི་བརྩེ་སེམས་ཡིན།།

བརྩེ་བ་ཆུ་ལ་ཆུ་བཞག་སྣང་བས་གྱོན།།

སྣང་བ་སྦུ་རག་ཧྭ་ཨར་ཚོར་བས་འཐུངས།།

ལས་ཀྱི་འཇའ་འོད་ཕྱོགས་སུ་འཆར་བ་ཡིས།།

སྒྲོལ་མ་ལྷ་དེ་བྱུ་རུའི་མེ་ལོང་ཡིན།།

གོས་དང་རྒྱན་གྱིས་སྤྲས་པ་མ་ཡིན་ཞིང་།།

རྒྱུ་དང་འབྱོར་བའི་བཏེགས་པ་མ་ཡིན་པའི།།

སེམས་ཀྱི་དགའ་བའི་ཉི་འོད་འཕྲོ་ས་སྟེ།།

ཟླ་བ་ལྷ་དེ་གཡུང་དྲུང་རི་མོ་ཡིན།།

གཡོ་དང་ཟོལ་གྱིས་བསླུས་པ་མི་སྲིད་ཅིང་།།

རྒྱ་ལྕང་སྐྲ་ལོས་འཁྲུལ་བ་མིན་མདོག་གི།

སེམས་རྒྱུད་བལ་དཀར་ལྟར་དུ་འཇམ་པ་ཡི།།

མི་ཡི་ལྷ་དེ་རྗེ་བཙུན་སྒྲོལ་མ་ཡིན།།

བྱམས་པ་ཁ་སེམས་སྦྲེལ་དེ་ཁབ་སྐུད་ཀྱིས།།

འཚེམ་ལྟར་བཙན་གྱིས་སྦྱར་བ་མ་ཡིན་པར།།

ཆུ་ཁའི་རྨ་བྱ་འབྲུག་ལ་ཞེན་པ་ལྟར།།

ལྷུན་གྱིས་གྲུབ་པ་ཞིག་ཏུ་ངེས་སོ་ལོ།།

༼ འཁོན་བུ་སྟག་རྒྱལ་ཚེ་རིང་། ༽


  • ལེ་ཚན་སྔོན་མ།:ཚེར་སིལ་རྒུམ་པའི་ཁྱེའུ།
  • ལེ་ཚན་རྗེས་མ།:ཤིན་ཏུ་འཁྱག་པའི་སེམས་པ།