ང་རང་ཚོ་ལོ་ན་གཞོན་པས།

ཨ་ཀྲད།        2020-08-14

ང་རང་ཚོ་ལོ་ན་ཧ་ཅང་གཞོན་པས།

ང་ཚོའི་མ་འོངས་པ་ནི་ད་དུང་ཚེས་མེད།

སྐྱེ་བ་འདི་མེ་ཏོག་ཅིག་ཡིན་པའི་དབང་དུ་བཏང་ན།

ངས་ཁྱོད་ལ་གཉེན་སློང་གི་ཚུལ་དུ་མེ་ཏོག་འདི་ཅི་ནས་ཀྱང་ཕུལ།

དེ་ནི་ངས་ད་བར་དུ་རབ་བྱུང་གི་རས་དམར་འདིའི་འོག་ཏུ་ཉར་བའི་རྩྭ་ཐང་ཡིན།

རྩྭ་ཐང་དེས་ཁྱོད་ཀྱི་མི་ཚེར་ང་ནི་གཉེན་སློང་གི་མག་པ་གཅིག་པུ་ཡིན་པར་སྙམ་ཡོང་།

 

ང་རང་ཚོ་ལོ་ན་ཧ་ཅང་གཞོན་པས།

ང་ཚོའི་མ་འོངས་པ་ནི་ད་དུང་ཚེས་མེད།

སྐྱེ་བ་འདི་ནམ་མཁའ་ཞིག་ཡིན་པའི་དབང་དུ་བཏང་ན།

ངས་ཁྱོད་ལ་གཞིས་བྲང་གི་ཚུལ་དུ་ནམ་མཁའ་འདི་ཅི་ནས་ཀྱང་ཕུལ།

དེ་ནི་ངས་ད་བར་དུ་ནང་སེམས་ཀྱི་གུར་ཁང་དུ་སྦས་པའི་ཆད་སྟོང་ཡིན།

ཆད་སྟོང་དེས་ཁྱོད་ཀྱི་མི་ཚེར་ང་ནི་ནམ་མཁའ་བཞིན་མཛེས་པར་སྙམ་ཡོང་།

 

ང་རང་ཚོ་ལོ་ན་ཧ་ཅང་གཞོན་པས།

ང་ཚོའི་མ་འོངས་པ་ནི་ད་དུང་ཚེས་མེད།

སྐྱེ་བ་འདི་བུམ་པ་ཞིག་ཡིན་པའི་དབང་དུ་བཏང་ན།

ངས་ཁྱོད་ལ་རྟེན་འབྲེལ་གྱི་ཚུལ་དུ་བུམ་པ་འདི་ཅི་ནས་ཀྱང་ཕུལ།

དེ་ནི་ངས་ད་བར་དུ་སྙན་ངག་གི་ཁ་གཏད་དུ་ལྡོག་པའི་བརྩེ་དུང་ཡིན།

བརྩེ་དུང་དེས་ཁྱོད་ཀྱི་མི་ཚེར་ང་ནི་རྟེན་འབྲེལ་གྱི་སྙིང་ཉེ་ཡིན་སྙམ་ཡོང་།

 

ང་རང་ཚོ་ལོ་ན་ཧ་ཅང་གཞོན་པས།

ང་ཚོའི་མ་འོངས་པ་ནི་ད་དུང་ཚེས་མེད།

སྐྱེ་བ་འདི་ལག་པ་ཞིག་ཡིན་པའི་དབང་དུ་བཏང་ན།

ངས་ཁྱོད་ལ་རང་ཉིད་ཀྱི་ཚུལ་དུ་ལག་པ་འདི་ཅི་ནས་ཀྱང་ཕུལ།

དེ་ནི་ངས་ད་བར་དུ་ཁྱོད་ཀྱི་ཆེད་དུ་ཡོད་ཚད་ཕུལ་བའི་རྣམ་པ་ཞིག་ཡིན།

རྣམ་པ་དེས་ཁྱོད་ཀྱི་མི་ཚེར་ང་ནི་ལག་པ་བཞིན་ཁྱོད་ལ་མཁོ་བར་སྙམ་ཡོང་།


  • ལེ་ཚན་སྔོན་མ།:སེམས་ངོགས་ཀྱི་རི་མོ་གཡས་འཁྱིལ།
  • ལེ་ཚན་རྗེས་མ།:ཚེར་སིལ་རྒུམ་པའི་ཁྱེའུ།