སེམས་ཤོར་གྱི་བུ་མོ་ཞིག་ལ་སྤྲིངས།

འབྲི་བཙན་རྒོད།        2020-08-14

རྒྱུ་སྐར་བཞིན་བཀྲ་བའི་མི་ཚོགས་ཀྱི་རུམ་ནས།

སྙིང་ཆུང་མ་ཁྱེད་ཀྱི་འཇོ་སྒེག་གི་ཉམས་འགྱུར་གྱིས།

བདག་སེམས་ཀྱི་གཡུ་སྦྲང་དབང་མེད་ཁྱེད་ཕྱོགས་སུ་ལྡིང་བསྐོར་བརྒྱབ།

ཉ་གང་ཆུ་ཤེལ་ལྟར་མཛེས་པའི་ཁྱེད་ཞལ་དེས།

འདྲེན་བྱེད་ཀྱི་སྟེང་འཐུང་དཀར་པོ་བཞད་ཁ་ཁྱེད་ཕྱོགས་སུ་ཕྱེ།

དབྱངས་ཅན་མའི་གསུངས་ལྟར་སྙན་པའི་ཁྱེད་ཀྱི་སྐད་ངག་དེས།

ཁོ་བོའི་སྒྲ་འཛིན་གྱི་སྐོམ་པ་བདུད་རྩི་རུ་སྒོམ།

ཡིད་འཕྲོག་མ། ཁོ་བོ་ཁྱེད་ལ་དུངས།

ཁྱེད་དང་འཕྲད་པའི་ནམ་ཟླ་དེ་ནས་བཟུང་།

དྲན་བཞིན་པ་དང་གླེང་བཞིན་པ་ནི་ཁྱེད་ཁོ་ན།

དེ་བཞིན་ཁྱེད་མེད་པའི་དུས་ཚོད་སྐར་ཆ་རེ་རེ།

དགའ་སྐྱོ་ཆགས་སྡང་གི་མྱོས་པས་ལོ་ཟླ་རེ།

ཁྱེད་མེད་པའི་དྲན་གདུང་གི་རྨ་ཤུལ་རེ་རེ།

གོ་མཚོན་གྱི་བཟོས་པས་ལོ་རྒྱུས་ཀྱི་རྨ་ཁ་རེ།

གང་ལྟར་ཡང་།

སྔ་མོ་སྔ་མོ་ཞིག་ནས།

ངའི་དྲན་ཤེས་ཀྱི་ངོས་སུ་ཁྱོད་ཉིད་ཡོད་ཚོད་གདའ།

མདང་ནུབ་ཀྱི་རྨི་ལམ་ཡང་ཁྱོད།

ཡིད་འོང་མ།

དོ་ནུབ།

རླངས་འཁོར་གྱི་དུང་སྒྲ་དང་ཚེ་སྲོག་གི་ངུ་འབོད་དབེན་པའི་ཁུ་སིམ་གྱི་མཚན་མོ་དེར།

ངས་སུ་ཞིག་ལ་རེ་སྒུག་འཆང་བཞིན་ཡོད།

ངའི་སྙིང་གསོན་པོ་འདི་སུ་ཞིག་གི་སླད་དུ་འཕར་ལྡིང་བྱེད་ཀྱིན་ཡོད།

ངའི་ཡ་ཆུང་གི་རྣམ་ཤེས་དེ་སུ་ཞིག་གི་དོན་དུ་བར་མེད་དུ་འཁྱམ་གྱིན་ཡོད།

ཟླ་འོད་དང་སྐར་ཚོགས་ཕོངས་པའི་མུན་ནག་གི་མཚན་མོ་དེར།

ངས་སྐྱོ་གར་གྱིས་མནར་བའི་འཚོ་བར་སུན་སྣང་སྐྱེ་བཞིན།

འཁང་ར་དང་སྡུག་ཡུས་ཡོད་དོ་མུན་ནག་དེར་འཆད་ཀྱིན།

དྲོད་སྐྱིད་དང་འོད་སྣང་གིས་ཁེངས་པའི་ལམ་བུ་ཞིག་འཚོལ་འདོད།

གློག་སྒྲོན་དང་མེ་ཐབ་མེད་པའི་ཁེར་རྐྱང་གི་མཚན་མོ་དེར།

ངས་ལག་ཟུང་སྙིང་ཁར་སྦྱར་ནས་མནོ་བ་རེ་བྱས་དུས།

ཅི་ཞིག་གི་དོན་དུ་དབུགས་རིང་ཤོར་བ་དང་།

གང་ཞིག་གི་སླད་དུ་དམར་ཆུང་གི་སེམས་པ་གཡོ་བཞིན་པ་ཚོར་བྱུང་།


  • ལེ་ཚན་སྔོན་མ།:སྒྱུ་མའི་ཁམས་སྒུལ་བའི་བསིལ་རླུང་།
  • ལེ་ཚན་རྗེས་མ།:སེམས་ངོགས་ཀྱི་རི་མོ་གཡས་འཁྱིལ།