འབའ་པའི་ཡུལ་གྱི་འཛིན་སྐྱོང་མངའ་བདག་འབའ་ སྡེ་པའི་བྱུང་རབས་སྐོར་ལ་དཔྱད་པ།

​འབའ་རཏྣ་ཚང་བློ་བཟང་རྒྱལ་མཚན།        2020-08-14

འབའ་པའི་ཡུལ་གྱི་འཛིན་སྐྱོང་མངའ་བདག་འབའ་ སྡེ་པའི་བྱུང་རབས་སྐོར་ལ་དཔྱད་པ།

གཅིག འབའ་མི་འགྱུར་ལྷུན་འགྲུབ་རབ་བརྟན་རྫོང་གི་མིང་གི་བྱུང་རབས། 

དེ་ཡང་མདོ་ཁམས་སྤོ་འབོར་སྒང་གི་གསེར་གྱི་སྐེད་རགས་གསེར་ལྡན་འབྲི་ཆུའི་གཡས་གཡོན་དུ་བྱ་རྒྱལ་ཁྱུང་ཆེན་གཤོག་རྩལ་རྒྱས་འདྲ་ཆགས་པའི་འབའ་མི་འགྱུར་ལྷུན་གྲུབ་རབ་བརྟན་རྫོང་ངམ་འབའ་སྡེ་མངའ་རིས་ཞིང་ཁམས་ལ་འབའ་སྡེ་དང་། འབའ་ཐང་།འབའ་པ།འབབ་པ།འབལ་བཅས་ཞེས་པའི་མིང་འདོགས་སྲོལ་སྣ་ཚོགས་བྱུང་མྱོང་། གོང་གི་མིང་རེ་རེར་ངེས་པར་དོན་གྱི་བྱུང་རབས་ཡིད་དབང་འཕྲོག་པར་བཤད་རྒྱུད་ཡོད་ཀྱང་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་དཀོན་པས་བདེན་མིན་དབྱེ་བ་འབྱེད་པར་དཀའ། ས་གཤིས་དྲོ་གྲང་མཉམ་པའི་ཡུལ་ལུང་འདིར་གནའ་དུས་ས་ཡི་ལེགས་དྲུག་གི་སྐབས་སུ་འགྲོ་བ་མིས་འཚོ་གནས་བྱས་ཡོད་པ་ནི་གནའ་རྫས་རིག་པའི་མཁས་དབང་རྣམས་པས་འབའ་རྒྱ་སྤུང་སྟེང་ས་འོག་ནས་ཐོན་པའི་རོ་སྒམ་དང་རྫ་ཆས་ལ་ཚན་རིག་དང་མཐུན་པའི་ཉམས་ཞིབ་ལམ་ལུགས་ཀྱི་སྒོ་ནས་མངོན་གསལ་དོད་པོར་སྟོན། དེའི་རྗེས་སུ་འབལ་ལམ་གླིང་དཀར་པོའི་(白狼国)རྒྱལ་ཁབ་ཅེས་བྱ་བ་ཆགས་མྱོང་བའི་ལོ་རྒྱུས་བོད་རྒྱ་དབྱིན་དང་བཅས་པའི་དེབ་ཐེར་ཀུན་ལས་གསལ་ཞིང་། དཔལ་ལྡན་ས་སྐྱ་པའི་འཛིན་སྐྱོང་གི་དུས་རབས་ནས་བཟུང་མཐར་དགའ་ལྡན་ཕོ་བྲང་གི་འཛིན་སྐྱོང་གི་དུས་རབས་བར་ཡུལ་གྱི་མངའ་བདག་ལ་འབའ་སྡེ་པ་ཞེས་བསྔགས་པར་གྲགས། འབའ་སྡེ་པ་ཞེས་པ་ནི་སྲིད་འཛིན་ཁྱབ་ཁོངས་ཀྱི་མིང་དང་སྦྲེལ་ནས་བཏགས་པ་ཞིག་སྟེ། གཙང་སྡེ་པ་དང་སྡེ་པ་གཞུང་ཞེས་པའི་མིང་འདོགས་སྟངས་ལྟར་སྐབས་དེའི་འབའ་ཐང་ས་གནས་སྲིད་གཞུང་ལ་འབའ་སྡེ་པ་ཟེར་བ་དང་དེའི་ཁྱབ་ཁོངས་ཡོད་པའི་སྡེ་འབངས་ཚང་མར་འབའ་སྡེ་ཞེས་ཟེར། འབའ་སྡེ་དང་འབའ་ཐང་གཉིས་ནི་དོན་གྱི་མིང་གི་རྣམ་གྲངས་ཙམ་ལས་ཁྱད་མེད་ལ་འབའ་ཐང་ཞེས་བྱ་བའི་མིང་དེ་རྒྱལ་དབང་རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལས་གསལ་པོ་བརྙེས་པས་དུས་ཕྱིའི་རྒྱ་ནག་སྐད་དུ(巴塘)ཞེས་བྱ་བ་བོད་ལ་འགྱུར་བ་ཞིག་ཡིན་ག་ལ་སྲིད། 

གཉིས། ཡུལ་གྱི་འཛིན་སྐྱོང་མངའ་བདག་འབའ་སྡེ་པའི་བྱུང་རབས་དང་འབའ་སྡེ་པ་རིམ་བྱོན། 

  སྤྱིར་སྡེ་པའི་འཛིན་སྐྱོང་ལམ་ལུགས་ནི་ས་ཡི་ལེགས་དྲུག་གི་སྐབས་སུ་བྱུང་པར་གྲགས་ཤིང་བོད་བཙན་པོ་རྒྱལ་རབས་ཀྱི་སྐབས་སུ་ལམ་ལུགས་འདི་མདོ་ཁམས་སྨད་ཕྱོགས་སུ་བརྒྱུད་འཛིན་ཆེན་མོ་བྱས་ཡོད་པར་བོད་རྒྱ་དབྱིན་དང་བཅས་པའི་ལོ་རྒྱུས་ཡིག་ཚང་ལས་གསལ། སྡེ་པའི་སྲིད་འཛིན་ལམ་ལུགས་དེ་ཡོངས་གྲགས་སུ་འགྲོ་བའི་དུས་ཚིགས་ནི་བོད་སིལ་པའི་དུས་སྐབས་དཔལ་ལྡན་ས་སྐྱ་པས་བོད་ཆོལ་ཁ་གསུམ་འཛིན་སྐྱོང་བྱས་པའི་དུས་སྐབས་སུ་བྱུང་། ཡོངས་གྲགས་སུ་འགྲོ་བ་ནི་འབའ་དེ་ས་འཁོད་དམའ་བས་དྲོ་གྲང་སྙོམས་པར་བརྟེན་ས་དེར་དཔལ་ལྡན་ས་སྐྱ་པའི་ས་དམར་དགོན་ཕྱག་བཏབ་ནས་མདོ་ཁམས་སྨད་ཕྱོགས་འཛིན་སྐྱོང་སྤེལ། འབུམ་རམས་པ་དགེ་ལེགས་ཀྱི་ཁམས་པའི་ལོ་རྒྱུས་གླིང་པའི་གཏམ་སོགས་ལོ་རྒྱུས་ཡིག་ཚང་མང་པོ་ལས་སྤྱི་ལོ༡༢༦༠ལོར་དཔལ་ལྡན་ས་སྐྱ་པའི་བོད་ཆོལ་ཁ་གསུམ་མངའ་འོག་ཏུ་འཛིན་རྗེས་སོག་དམག་ཁམས་ལྷོའི་འབའ་སྡེ་སོགས་བརྒྱུད་ནས་འཇང་ཡུལ་དུ་དམག་རྒྱབ་པའི་ལམ་བར་དུ་འབའ་སྡེ་མངའ་རིས་ཞིང་ཁམས་ཀྱི་ལྷོ་ཕྱོགས་སུ་འཛིན་སྐྱོང་འབའ་སྡེ་པ་བསྐོ་གཞག་མཛད་ཅིང་འབའ་ལི་རྒྱལ་གསུམ་གྱི་ས་ཁུལ་དུ་རབ་རིམ་འཛིན་སྐྱོང་སྤེལ་བར་བཀོད། ཁྱད་པར་དུ་རྒྱལ་ཐང་ཡུལ་དུ་འཛིན་སྐྱོང་བསོད་མིང་ཅན་དང་འཆི་མིང་ཅན་མངགས་པ་རྒྱལ་ཐང་གི་དེབ་ཐེར་ཀུན་ལས་གསལ། ཕག་མོ་གྲུབ་པའི་མདོ་སྨད་འཛིན་སྐྱོང་བྱེད་ཆེད་འབའ་བྲག་ཅན་སྟེང་དུ་བྲག་འཐབ་དགོན་བཞེངས་ནས་འབའ་སྡེ་འཛིན་སྐྱོང་བྱས། འཇང་རྒྱལ་པོ་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་གྱི་ཕ་ཡབ་ཀྱིས་འཛིན་སྐྱོང་བྱས་པའི་སྐབས་སུ་འཇང་གི་སྟོབས་ཤུགས་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་དུ་བསླེབས་ནས་ཞིང་ལས་དར་སྤེལ་གཏོང་པར་མ་ཟད་འབའ་སྡེ་པའི་ལམ་ལུགས་འོག་ཏུ་མུའུ་ཀྭ་དང་འབེལ་སེལ་གྱི་ལམ་ལུགས་བཙུགས་ནས་འཛིན་སྐྱོང་སྤེལ་ཏེ་མཐར་སྤྱི་ལོ༡༦༣༩ལོར་མན་ཇི་གོང་མས་ཧོར་དམག་བོད་ལ་དྲངས་ནས་འཇང་རྒྱལ་པོའི་ལག་ནས་འཛིན་སྐྱོང་དབང་ལེན་ནས་ཡོངས་གྲགས་སུ་བཤད་པའི་འབའ་སྡེ་པའི་ལག་ཏུ་བཅུག སོག་དམག་གི་འཇང་རྒྱལ་པོ་འཆམ་ལ་ཕབ་རྗེས་དགའ་ལྡན་ཕོ་བྲང་གིས་ཡུལ་གྱི་མངའ་བདག་འཛིན་སྐྱོང་འབའ་སྡེ་པ་བསྐོ་གཞག་མཛད། འབའ་སྡེ་པ་ཞེས་བྱ་བ་དུས་དེ་ནས་བཟུང་སྐད་གྲགས་བསམ་གྱིས་མི་ཁྱབ་པར་འགྲོ། དགའ་ལྡན་པོ་བྲང་གི་ཐོག་མ་འབའ་སྡེ་པ་གཏོང་བའི་དུས་ཚོད་ནི་སྤྱི་ལོ་༡༧༠༣ལོར་ཡིན་ལ་དེའི་རྗེས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལྷ་བཟང་ཧན་བར་ཐུགས་མ་མཐུན་པས་འགལ་བ་ཆེན་པོ་བྱུང་ནས་མཐར་ཆིང་གོང་མ་ཁམས་ཤིས་ཀྱིས་དམག་གཏོང་ནས་འབའ་སྡེ་བདེ་ལ་བཀོད་པར་མ་ཟད། སྤྱི་ལོ་༡༧༡༩ལོའི་ཟླ་བ་༥པར་འབའ་སྡེ་པ་ཆེ་ཆུང་གཉིས་མངའ་འོག་ཏུ་བཟུང་ནས་འབའ་སྡེ་པ་ལྷན་རྒྱས་གཉིས་བསྐོ་གཞག་མཛད། སྤྱི་ལོ་༡༧༢༩ལོར་ཆིང་གོང་མ་གཡུང་ཀྲིན་གྱིས་སླར་ཡང་སྡེ་པ་ཆེ་ཆུང་གཉིས་ལ་རིམ་པ་བཞི་པ་དང་ལྔ་པའི་དཔོན་རིགས་བསྐོ་གཞག་མཛད། སྤྱིར་འབའ་སྡེ་པ་ནི་སྡེ་པ་ཆེ་བ་དང་འབའ་གཉའ་གནོད་སྡེ་པ་ནི་སྡེ་པ་ཆུང་བར་བགོས་སྲོལ་ལྡན། འབའ་སྡེ་པ་ཁང་གསར་ནི་དང་ཐོག་ལྷ་ས་བདེ་ཆེན་ཁང་གསར་ནས་མངགས་པས་འབའ་སྡེ་པ་ཆེ་བ་ལ་བདེ་ཆེན་ཁང་གསར་སྡེ་པ་ཞེས་གྲགས་ལ། སྡེ་པ་ཆུང་བ་འབའ་གཉའ་གནོན་སྡེ་པ་ནི་སྔོན་གྱི་བལ་བོད་གཡུལ་འཁྲུག་གི་སྐབས་སུ་སྟོད་སྐྱིད་གྲོང་ནས་ཕ་རོལ་གྱི་དམག་དཔུང་ཚར་བཅད་ནས་དཔུང་སྟོབས་བཙན་པོས་གཞན་སྡེ་གཉའ་གནོན་པས་བྱ་དགའི་ཆེད་དུ་འབའ་ལ་བཏང་བ་ལ་གཉའ་གནོན་སྡེ་པ་ཞེས་གྲགས། སྡེ་པ་གཉིས་ཀྱི་ལྷན་མིང་ལ་སྡེ་པ་ལྷན་རྒྱས་རྣམ་གཉིས་ཞེས་གསོལ། སྡེ་པ་ལྷན་རྒྱས་རྣམ་གཉིས་ལ་ཞབས་ཕྱི་ཞབས་ཕྱི་མི་ཚང་དྲུག་ཅུ་དང་། དེའི་འོག་རྫོང་ཁག་སོ་སོའི་རྫོང་དཔོན། བློ་དཀར་གཉན་རྒན། ར་མཐིལ་དམག་དཔོན། ས་གནས་ཁག་གི་ཞལ་ངོ་། མགྲོན་གཉེར། གཉེར་པ་སོགས་ཡོད་པ་གྲགས། ཡུལ་ལུང་སོ་སོར་ས་གནས་ཀྱི་དོ་དམ་པ་འབེལ་སེལ་ཞེས་ཡོད་པ་ལ་འབེལ་སེལ་ཞེས་པའི་ཐ་སྙད་དེ་ནི་འཇང་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་འཛིན་སྐྱོང་སྐབས་ཀྱི་ཤུལ་བཞག་ཡིན། འབའ་སྡེ་པ་ཆེ་བའམ་བདེ་ཆེན་ཁང་གསར་སྡེ་ལ་སྡེ་རབས་བཅོ་བརྒྱད་ཙམ་རྩིས་བྱུང་ཡང་ཡོངས་གྲགས་སུ་འགྲོ་བའི་རྩིས་སྲོལ་ལ་སྡེ་རབས་བཅུ་གཅིག་མ་གཏོགས་མེད། སྡེ་པ་ཆེ་བའམ་བདེ་ཆེན་ཁང་གསར་སྡེ་པ་དང་པོར་ཐོག་སྔོན་མོའམ་ནོར་བུ་ངག་དབང་ནི་སྤྱི་ལོ༡༩༡༩ལོའི་ཟླ་བ་ལྔ་པར་བསྐོ་གཞག་མཛད་ཅིང༡༧༢༥ལོའི་ཟླ་བ་བཞི་པར་སྐུ་མྱ་ངན་ལས་འདས་བར་ལོ་ངོ་དྲུག་ཙམ་གྱི་འཛིན་སྐྱོང་སྤེལ། དུས་མཉམ་དུ་སྐུའི་སྤུན་མཆེད་བཀྲ་ཤིས་ཚེ་རིང་འབའ་སྡེ་པ་གཉིས་པར་བསྐོ་གཞག་མཛད་ཀྱང་འདུལ་བྱ་བསོད་ནམས་དམའ་བས་ལོ་དེའི་ཟླ་བ་དགུ་པར་སྐུ་མྱ་ངན་ལས་འདས། སྡེ་པ་བཀྲ་ཤིས་ཚེ་རིང་གི་སྐུ་སྲས་ལོ་ན་ཆུང་བས་འབའ་སྡེ་པ་གསུམ་པ་བློ་བཟང་མཁའ་འགྲོ་ལོ་ངོ་གཅིག་རིང་ལ་སྡེ་པའི་གསེར་ཁྲི་བདག སྤྱི་ལོ༡༧༢༧ལོར་ཆིང་གོང་མའི་གཞུང་གིས་དབུས་གཙང་དང་སི་ཁྲོན། ཡུན་ནན་གྱི་ས་མཚམས་ཡང་བགོས་མཛད་ནས་འབའ་ཚྭ་ཁ་ལྷོ་སྤང་རི་ཡར་ཆོད་དབུས་གཙང་ལ་བགོས། དེའི་ཤར་ཕྱོགས་སུ་སི་ཁྲོན་གྱི་མངའ་འོག་ཏུ་བསྡུས།དེ་སྔའི་འབའ་སྡེ་པའི་མངའ་འོག་གི་རྒྱལ་ཐང་དང་འབའ་ལུང་། འཇོལ། ཀོང་རག་སོགས་ཡུན་ནན་མངའ་འོག་ཏུ་བཅུག་པར་མ་ཟད་སྡེ་པ་བློ་བཟང་མཁའ་འགྲོ་ཡང་རྒྱལ་ཐང་དུ་གཏོང་། སྤྱི་ལོ༡༧༢༩ལོར་སྡེ་པ་ཆུང་བའམ་གཉའ་གནོན་སྡེ་པ་བཀྲ་ཤིས་ཕུན་ཚོགས་སྡེ་པ་ཆེ་བ་བཞི་པར་བསྐོ་གཞག་མཛད་ནས་ལོ་ངོ་༢༣ཙམ་གྱི་འཛིན་སྐྱོང་གནང་། སྤྱི་ལོ༡༧༥༢ལོར་སྡེ་པ་བཞི་པ་བཀྲ་ཤིས་ཕུན་ཚོགས་སྐུ་མྱང་ལས་འདས་ནས་སྐུ་སྲས་བཀྲ་ཤིས་དབང་རྒྱལ་སྡེ་པ་ལྔ་པར་ཆགས། དེའི་རྗེས་སུ་འབའ་སྡེ་པ་བཀྲ་ཤིས་དབང་རྒྱལ་གྱི་སྐུ་ཚ་འབའ་སྡེ་པ་དྲུག་པ་མགོན་པོ་རྒྱལ་མཚན་གྱིས་ལོ་ངོ༡༢བཟུང་དེའི་སྤུན་མཆེད་ཕུན་ཚོགས་ཆོས་འཕེལ་གྱིས་ལོ་ངོ་༧ཙམ་ཡུན་སྲིད་དབང་་བཟུང་།དེའི་རྗེས་སུ་ཁོང་གི་སྐུའི་སྤུན་མཆེད་སྡེ་པ་བརྒྱད་པ་འཇོལ་བླ་ཆོས་སྐྱོང་གི་ལོ་ངོ༢༧བཟུང་། སྡེ་པ་འཇོལ་བླ་ཆོས་སྐྱོང་དང་འབའ་འཛིན་དགོན་བདེ་ཆེན་ཆོས་གླིང་གི་ཟངས་གླིང་རིན་པོ་ཆེ་སྐུ་རབས་དང་པོ་གཉིས་ཆོས་གྲོགས་བྱས་ནས་ལྷ་སར་སོང་། དུས་དེར་ཀློང་བརྡོལ་བླ་མ་རིན་པོ་ཆེས་འཇོལ་བླ་ཆོས་སྐྱོང་ལ་སྡོམ་པ་མ་གནང་ནས་ཁྱོད་ཀྱི་ལས་སྡེ་པའི་ཕྱོགས་སུ་ཡོད་ཅེས་གསུངས། དེའི་རྗེས་སུ་ཕུན་ཚོགས་ཆོས་འཕེལ་གྱི་སྐུ་སྲས་འབའ་སྡེ་པ་དགུ་པ་བཀྲ་ཤིས་རྒྱལ་མཚན་གྱིས་ལོ་ངོ༣༠དང་། ཁོང་གི་སྐུ་སྲས་འབའ་སྡེ་པ་བཅུ་པ་ཨ་བསམ་ཆོས་འབྱོར་གྱིས་ལོ་ངོ༢༩། དེའི་སྲས་འབའ་སྡེ་པ་བཅུ་གཅིག་པ་བཀྲ་ཤིས་རྒྱལ་མཚན་ནམ་ལུའུ་པིན་པུའུ་ཡིས་ལོ་ངོ༥རིང་འབའ་སྡེ་པའི་སྲིད་དབང་འཛིན་སྐྱོང་སྤེལ་རྗེས། ཆིང་གོང་མིའི་ཨན་བན་ཕུང་ཆོན་དམར་བསད་བཏང་བས་མཐར་སྤྱི་ལོ༡༩༠༥ལོར་ཆིང་གོང་མ་ཀོང་ཤུས་ཀྱིས་སྡེ་པའི་ལམ་ལུགས་ལེགས་བཅོས་མཛད་ནས་འབའ་སྡེ་པ་བཅུ་གཅིག་པ་བཀྲ་ཤིས་ཚེ་རིང་སྐུ་བཀྲོངས། སྡེ་པ་ཆུང་བའམ་གཉའ་གནོན་སྡེ་པ་དང་པོ་བཀྲ་ཤིས་ཚེ་རིང་གིས་ལོ་ངོ༦འཛིན་སྐྱོང་གནང་རྗེས་འབའ་སྡེ་པ་ཆེ་བར་ཆགས། དེའི་སྐུ་སྲས་བཀྲ་ཤིས་ཕུན་ཚོགས་གཉའ་གནོན་སྡེ་པ་གཉིས་པར་ཆགས། ལོ་གཅིག་གི་རྗེས་སུ་འབའ་སྡེ་པ་ཆེ་བ་ཆགས་ནས་འབའ་པའི་བརྒྱ་སྡེ་དཔོན་པོ་ངག་དབང་རིན་ཆེན་གཉའ་གནོན་སྡེ་པ་གསུམ་པར་ཆགས། ཁོང་སྡེ་པ་ཆེ་ཆུང་གཉིས་ཀྱི་ཁྲི་ལ་ལོ་ངོ༣༠ཙམ་བཞུགས། དེའི་སྐུ་སྲས་གཉའ་གནོན་སྡེ་པ་བཞི་པ་དཔལ་འབྱོར་རྡོ་རྗེས་ལོ་ངོ༦ཙམ་གྱིས་འཛིན་སྐྱོང་གནང་རྗེས་ཁོང་གི་སྐུ་སྲས་གཉའ་གནོན་སྡེ་པ་ལྔ་པ་ནོར་བུ་ལ་ལོ་ངོ༧ཙམ་གྱི་འཛིན་སྐྱོང་གི་གོ་སྐབས་གནང་རྗེས་སྐུ་དབང་ཆ་ཚང་གཉའ་གནོན་སྡེ་པ་ངག་དབང་རིན་ཆེན་གྱི་སྐུ་སྲས་གཉའ་གནོན་སྡེ་པ་དྲུག་པ་དཔལ་ལྡན་མར་གནང་། ཁོང་གིས་འཛིན་སྐྱོང་ལོ་ངོ་༢༠་མཛད། དེའི་སྐུ་སྲས་གཉའ་གནོན་སྡེ་པ་བདུན་པ་འཕྲིན་ལས་མགོན་པོས་ལོ་ངོ་༡༧དང་། དེའི་རྗེས་སུ་དཔལ་ལྡན་མའི་སྐུ་སྲས་གཉའ་གནོན་སྡེ་པ་བརྒྱད་ཚེ་དབང་མགོན་པོས་ལོ་ངོ༥། དེའི་རྗེས་སུ་གཉའ་གནོན་སྡེ་པ་འཕྲིན་ལས་མགོན་པོའི་སྐུ་སྲས་གཉའ་གནོན་སྡེ་པ་དགུ་པ་བསོད་ནམས་མགོན་པོས་ལོ་ངོ༡༥དང་། དེའི་སྐུ་སྲས་གཉའ་གནོན་སྡེ་པ་བཅུ་པ་སྐལ་བཟང་དཔལ་འབྱོར་གྱིས་ལོ་ངོ༤༠ཙམ་ཡུན་འབའ་སྡེ་པའི་སྲིད་དབང་འཛིན་སྐྱོང་སྤེལ་མཐར་སྲིད་དབང་ཆ་ཚང་གཉའ་གནོན་སྡེ་པ་བཅུ་གཅིག་པ་གྲགས་པ་རྒྱལ་མཚན་ལ་བརྒྱུད་སྤྲོད་མཛད་ཅིང་ཁོང་གིས་ལོ་ངོ༣༦ཙམ་འཛིན་སྐྱོང་སྤེལ་ནས་མཐར་སྤྱི་ལོ༡༩༠༥ལོར་ཆིང་གོང་མ་ཀོང་ཤུས་ཀྱིས་སྡེ་པའི་ལམ་ལུགས་ལེགས་བཅོས་མཛད་ནས་གཉའ་གནོན་སྡེ་པ་བཅུ་གཅིག་པ་གྲགས་པ་རྒྱལ་མཚན་སྐུ་བཀྲོངས། འབའ་པ་སྡེ་པ་སྐུ་བཀྲོངས་དོན་ནི་འབའ་སྡེ་མངའ་ཞབས་ཚོང་པ་བརྒྱད་ཅུ་ཞེས་པའི་ཡུལ་ལུང་ཚང་མ་ཡར་ལངས་བྱས་ནས་དབང་ཤེད་ཅན་གྱི་དམག་མི་རུ་གཅིག་བསྡེབས་གསོད་བྱས་པའི་དོན་རྐྱེན་བྱུང་བའི་དབང་གིས་ཡིན་འདུག དུས་དེ་ནས་འབའ་སྡེ་པའི་ལམ་ལུགས་དེ་ཉམས་རྒུད་དུ་ཕྱིན། ཁོང་གི་སྲས་གསེར་ཏུག་ཏུག་ཞེས་པ་ཞིག་སྐབས་དེ་ཤེད་ཅིག་ནས་ལྷ་སར་ཡོད་པའི་ཁོང་གི་ཨ་མའི་ཁྱིམ་ཚང་སྡེ་པ་ལྷ་རྒྱལ་རི་ཚང་དུ་ཉེན་ཡོལ་དུ་ཕེབས་ཡོད། དེའི་རྗེས་སུ་སྲས་ཁོང་རྒྱལ་ཕྱི་ནང་གང་དུའང་རིག་རྒྱུ་ཚོར་རྒྱུ་མེད་པས་མཐའ་མཇུག་ཅི་འདྲ་འདས་གྲོངས་ཕྱིན་མིན་ཆ་མ་འཚལ་ཏོ།། ད་བར་བོད་ཡིག་དམིགས་བསལ་འབའ་སྡེ་པའི་སྐོར་རྩལ་དུ་བཏོན་ནས་དཔྱད་པ་གཏོང་མཁན་མ་བྱུང་པར་བརྟེན་ཕྲན་གྱིས་འདི་ནས་ས་བོན་ཙམ་ཡང་བགྱིས་ཡོད། མ་འོངས་པར་རང་གཞན་ཚང་མས་དེའི་སྐོར་ཞིབ་འཇུག་གི་ཤུགས་སྣོན་ཡོང་བའི་རེ་བ་ཞུ། 

གསུམ་པ། ཡུལ་གྱི་འཛིན་སྐྱོང་མངའ་བདག་འབའ་སྡེ་པའི་འཛིན་སྐྱོང་ཁྱབ་ཁོངས། 

  འབའ་སྡེ་པའི་ཐོག་མའི་འཛིན་སྐྱོང་གི་ས་ཁུལ་ནི་དེང་སང་གི་དཔལ་ཡུལ་ས་ངན་དང་། འབའ་ཐང་། སྡེ་རོང་། འཇོལ། འབའ་ལུང་། རྒྱལ་ཐང་།ཀོང་རག དེང་གི་སྨར་ཁམས་ཀྱི་ཚྭ་ཁ་ལྷ། སྐྱིད་གྲོང་།འབུམ་པ་སྒང་པོ་བཅས་ཡིན། ཤར་ལི་སྡེའི་ཕྱག་ཕྲེང་སྒྲོ་འདོགས་དང་ལྷོ་རུ་ཚྭ་ཁ་དིང་ལ་སྤང་རི་བར། བྱང་དུ་ས་ངན་མར་ཆོད་ནས་ལྷོ་རུ་ཡང་ཐང་ལྷོ་ཕྱོགས་ཀྱི་འབྲི་ཆུ་ཁ་ཡར་ཆོད་ཡིན། སྔ་རྗེས་སུ་འབའ་མི་འགྱུར་ལྷུན་གྲུབ་རབ་བརྟན་རྫོང་དང་།རང་བྱོན་མི་འགྱུར་བསམ་འགྲུབ་ཞིང་བཀོད་རྫོང་། ཚྭ་ཁ་མི་འགྱུར་རྟ་མིག་རྫོང་། ཚྭ་ཁ་མཐིལ་བུ་སྟེང་རྫོང་། སྤུ་མདོ་རྦ་དཀར་རྫོང་། སྡེ་རོང་བྲག་སྤུངས་རྫོང་། ས་དམར་གོ་མིང་རྫོང་བཅས་རྫོང་ཁག་ཕྱེད་དང་བརྒྱད་རྩིས་སྲོལ་ཡོད་ལ་འབའ་མཐིལ་རྫོང་དང་གླིང་ཁ་གཤིས་རྫོང་།རང་བྱོན་རྫོང་། སྡེ་རོང་བྲག་སྤུངས་བགོས་ནས་འཛིན་སྐྱོང་ཡང་བྱས་མྱོང་། དབུས་གཙང་ལོ་རྒྱུས་དེབ་ཐེར་ལས་བཀོད་པར་གཞིགས་ན་འབའ་སྡེ་པའི་ཡུལ་ཚོ་༣༣དོ་དམ་བྱས་ཡོད་ལ་དེའི་ནང་དུ་ཞལ་མགོ༢༩། མི་སེར་དུད་ཚང༦༩༢༠།ཞལ་གྲངས༢༡༡༠ཅན་གྱི་དགེ་འདུན་གྱི་འདུས་སྡེ། ཕྱི་ལོ༡༧༢༧ལོར་བོད་དང་སི་ཁྲོན། ཡུན་ནན་གྱི་ས་མཚམས་བཅད་བགོས་བྱས་སྐབས་འབའ་སྡེ་པའི་འཛིན་སྐྱོང་གི་ཁྱབ་ཁོངས་ཉམས་དམན་དུ་སོང་ནས་ཤར་དུ་འབའ་པའི་གད་མོ་ལུང་ཁོག་ཚུན་ཆད། ནུབ་ཏུ་ཚྭ་ཁ་སྤང་རི་ཕར་ཆོད། སྟོད་ལ་སྡེ་དགེ་དཔལ་ཡུལ་གྱི་ས་ངན་མར་ཆོད་དང་ལྷོ་རུ་རོང་པ་ཀོང་ཇོ་ཟམ་པ་ཡར་ཆོད་མ་གཏོགས་མེད་པར་གྱུར།

  • ལེ་ཚན་སྔོན་མ།:ཀརྨ་ཀཾ་ཚང་དང་གཡུ་ཁོག་སྡེ་དགོན་བར་གྱི་འབྲེལ་བ།
  • ལེ་ཚན་རྗེས་མ།:ཞང་ཞུང་རྒྱལ་རབས་ཀྱི་ལོ་རྒྱུས་སྐོར།
  • དོ་སྣང་ཆེ་བའི་རྩོམ།