སློབ་གྲྭ་འདིའི་ཁྲིད་ཐབས་རིགས་དང་པོའི་སློབ་མ་ཚོར་རྟེན་འབྲེལ་ཞུ།

ཐུབ་ཀྱིས་བྲིས།        2020-08-13

སློབ་གྲྭ་འདིའི་ཁྲིད་ཐབས་རིགས་དང་པོའི་སློབ་མ་ཚོར་རྟེན་འབྲེལ་ཞུ།

     སྤྱི་ཟླ8པའི་ཚེས13ཉིན་ལ། གསར་འགོད་པས་འབའ་ཐང་རྩོམ་རིག་ལྷན་ཚོགས་ཀྱི་འཕྲིན་སྟེགས་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་འབྲིང་རྒྱུགས་ཁྲོད་དུ་འབའ་ཐང་རྫོང་སློབ་འབྲིང་གི་ཁྲིད་ཐབས་རིགས་དང་པོའི་མཐར་ཕྱིན་འཛིན་གྲྭ་གཅིག་ཡོད་ལ་ཁྱོན་བསྡོམས་སློབ་མ42ཡོད་པ་རེད། ད་ལོའི་འབྲིང་རྒྱུགས་ཁྲོད་དུ་སློབ་མ་དེ་ཚོར་སྦྱངས་འབྲས་ཡག་པོ་ཐོབ་པ་སྟེ། སློབ་མ42ཚང་མ་ཡང་ན་དཀར་མཛེས་ཁུལ་མཐོ་རིམ་སློབ་འབྲིང་དང་། ཡང་ན་ཁམས་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་། ཡང་ན་ཁམས་བྱང་མི་རིགས་མཐོ་རིམ་སློབ་འབྲིང་བཅས་ཀྱི་བོད་ཡིག་རྐྱང་པའི་ཁྲིད་ཐབས་རིགས་དང་པོར་རྒྱུགས་འཕྲོད་པ་དང་། སློབ་ཞུགས་ཀྱི་ཚད་བརྒྱ་ཆ་བརྒྱ་ལ་ཟིན་ཡོད་པས་དགའ་འོས་པའི་དོན་ཞིག་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། འབའ་ཐང་རྫོང་གིས་ཉེ་བའི་ལོ་ཤས་རིང་ལ་སློབ་གྲྭ་ཆུང་འབྲིང་དུ་ཁྲིད་ཐབས་རིགས་དང་པོ་སྤེལ་བའི་ལས་དོན་གཉེར་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་ཡོད་ཅིང་། ན་ནིང་ལ་འབའ་ཐང་རྫོང་མི་དམངས་སློབ་ཆུང་དུ་ཁྲིད་ཐབས་རིགས་དང་པོའི་འཛིན་གྲྭ་གཅིག་བཙུགས་ཡོད་པ་དང་། ད་ལོ་ཡང་ཁྲིད་ཐབས་རིགས་དང་པོའི་འཛིན་གྲྭ་གཅིག་འཛུགས་འཆར་ཡོད་ཅིང་། སློབ་མ45བསྡུ་རྒྱུ་ཡིན་པ་རེད།

     སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྦྱང་ཚན་ཁག་ཕ་སྐད་མ་ཡིག་གི་ཐོག་ནས་སྦྱོང་བ་ཡིན་ན། མ་མཐའ་ཡང་ཆུང་དུས་ནས་སྐད་ཡིག་ལ་གོམས་ཆ་ཆེ་བས་སྦྱོང་སླ་བ་དང་གཅིག། བོད་ཀྱི་སྐད་དང་ཡི་གེ་སྤྱོད་རྒྱ་ཆེ་རུ་འགྲོ་ཐུབ་པ་དང་གཉིས། དེང་སང་འབྲིང་རྒྱུགས་དང་མཐོ་རྒྱུགས་སྤྲད་པའི་སྐབས་སུ་སློབ་གྲྭ་ཁག་གི་སློབ་མ་བསྡུ་བའི་སྐར་ཚད་ལ་ལྟོས་བཅས་ཀྱིས་བལྟས་ན་སློབ་བསྡུའི་སྐར་མ་མཐོན་པོ་དེ་ཙམ་མིན་པས་རྒྱུགས་འཕྲོད་སླ་བ་དང་གསུམ། བོད་ཡིག་གི་ཆེད་སྦྱོང་སློབ་ཆེན་སློབ་མ་ཇེ་མང་དུ་འགྲོ་ཐུབ་པ་དང་བཞི་ཡི་ཁྱད་འཕགས་ཀྱི་ཡོན་ཏན་ཡོད་པ་ཚང་མས་ཁས་ལེན་མི་བྱེད་ཀ་མེད་རེད། དེས་ན་ཁྱིམ་བདག་དང་སློབ་མ་ཚོས་བསམ་བློའི་འདུ་ཤེས་བསྒྱུར་ནས་ཁྲིད་ཐབས་རིགས་དང་པོ་འདི་ལ་གཙིགས་ཆེན་བྱ་རྒྱུ་གལ་ཆེན་པོ་རེད་འདུག།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་དྲག་ཆར་ལ་འགོག་ཟོན་ཐད་བཀོད་སྒྲིག་བྱས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།