དམངས་སེམས་གསོ་བའི་བདུད་རྩི།

ཀུན་དགས་བསྒྱུར།        2020-08-12

རང་ཁུལ་གྱིས་ཞིང་སྡེའི་འཐུང་ཆུ་ཉེན་མེད་ལས་གྲྭ་སྤེལ་བའི་ཕྱོགས་བསྡུས་གནས་ཚུལ་བཀོད་པ།

དམངས་སེམས་གསོ་བའི་བདུད་རྩི།

སེར་ཤུལ་རྫོང་ཞིང་འབྲོག་མང་ཚོགས་ཀྱིས་ཉེན་མེད་འཐུང་ཆུ་ལོངས་སུ་སྤྱོད།

    སྡེ་རོང་རྫོང་ཕག་རི་ཡུལ་ཤོག་བེ་དམ་གྲོང་སྡེའི་གཞིས་མི་ཚོས་གདོང་ལ་དགའ་སྤྲོའི་འཛུམ་མདངས་འཕྱུར་ཞོར་སྔོན་ཆད་ང་ཚོའི་འཐུང་ཆུ་ཚང་མ་ཐག་རིང་ས་ལ་ལེན་དུ་འགྲོ་དགོས་ཡང་། ད་ཆར་ཚང་མ་གྲོང་ཁྱེར་གྱི་མི་དང་ཁྱད་པར་མེད་པས་རང་འབབ་གཙང་ཆུ་འཐུང་གིན་ཡོད་ཅེས་བཤད། སྐབས་དེར་གྲོང་མི་ཞིག་ཕར་བརྒྱུགས་ཏེ་རང་ཁྱིམ་གྱི་རང་འབབ་ཆུ་སྒོ་གཅུས་ཙམ་བྱས་མ་ཐག་ཉེན་མེད་གཙང་ཆུ་ཤག་ཤག་ཏུ་འཐོར།

སྔོན་ཆད་ཆུ་འཐུང་དཀའ་བ་ནས་རང་འབབ་ཆུ་འཐུང་རྒྱུ་རག་པ། གཞི་ནས་ད་ཆ་ཉེན་མེད་འཐུང་ཆུ་སྟེ་རང་འབབ་ཆུ་འཐུང་རྒྱུ་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་གྲོང་སྡེའི་འཐུང་ཆུ་ཉེན་མེད་ཡོང་བ་དེ་དམངས་འཚོའི་ལས་གྲྭའི་དོན་ཆེན་ཨང་དང་པོར་བརྩིས་ནས་གྲོང་སྡེའི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པས་མ་ཚད། གྲོང་སྡེའི་རང་འབབ་ཆུ་ཁྱབ་གདལ་གཏོང་ཚད་མཐོ་རུ་གཏོང་བ་དང་གྲོང་སྡེའི་འཐུང་ཆུའི་སྤུས་ཚད་ལེགས་སུ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

  ཞན་ཆ་གསབ་སྣོན་བྱས་ཏེ་ཞིང་སྡེའི་འཐུང་ཆུ་ཉེན་མེད་སྤྱོད་པར་འགན་སྲུང་བྱེད།

   རང་ཁུལ་གྱི་མངའ་ཁོངས་སུ་ཉག་ཆུ་དང་འབྲི་ཆུ། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་གྱི་འབབ་རྒྱུད་རིང་ཚད་བསྡོམས་འབོར་སྤྱི་ལེ1739ཡོད་ཅིང་། འབབ་རྒྱུད་དུ་འོད་དྲོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཚ་སྐམ་ལུང་གཞུང་གླིང་ཁུལ་ཆེན་པོ་གསུམ་ཆགས་ཡོད། གླིང་ཁུལ་ཆུ་བེད་ཅུས་ཆུ་སྐྱོན་དང་ཐན་སྐྱོན་གྱི་གནོད་འཚེ་སྔོན་འགོག་ཁུའོ་ཡི་ཁུའོ་ཀྲང་ཞུའེ་ཁྲེང་གིས་གསར་འགོད་པར་ཞིང་པ་མང་ཚོགས་མང་ཆེ་བ་རི་མགོ་དང་རི་སྐེད་དུ་འདུས་སྡོད་བྱས་ཤིང་ཆུ་ལུང་པའི་གཏིང་དུ་བཞུར་གྱིན་ཡོད་པས་ལྷུང་ལྷུང་དུ་འབབ་པའི་སྒྲ་ཐོས་པ་ལས་ཞིང་རྨོ་བའི་གནས་ཚུལ་མཐོང་མི་ཐུབ་པ། བསྐྲུན་ཟིན་པའི་ལས་གྲྭ་འཛུགས་སྐྲུན་ཁ་ཤས་ཀྱི་མ་གོང་མཐོ་བ་དང་མ་དངུལ་གཏོང་ཚད་མི་འདང་བ། ལས་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་དམའ་བ། ཆུའི་སྤུས་ཀ་གཙང་སྒྱུར་སོགས་སྒྲིག་བཀོད་སྒྲིག་ཆས་དང་ཆུ་མཁོ་འདོན་བྱེད་སྟངས་མི་ལེགས་པ། རང་བྱུང་གནོད་འཚེ་ཡང་ནས་བསྐྱར་དུ་བྱུང་བ། དགུན་དུས་འཁྱག་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་དམའ་བ་དང་ལས་གྲྭ་བསྐྲུན་རྗེས་དོ་དམ་སྲུང་སྐྱོང་གནད་ལ་མི་འཁེལ་བ་སོགས་ཀྱི་རྐྱེན་པས་གྲོང་སྡེའི་ཆུ་མཁོ་འདོན་བྱེད་ཚད་སྔར་བས་སྲ་བརྟན་དང་མཐོ་རུ་གཏོང་དགོས་པའི་གནས་སུ་ལྷུང་བ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    ཆུའི་ཐད་དཀའ་ངལ་ཡོད་པའི་གནད་དོན་ཧ་ཅང་མངོན་གསལ་ཡིན་ཏེ་རང་ཁུལ་གྱི་ལུང་གཞུང་རི་མཐོའི་ས་ཁུལ་གྱི་དབུལ་ཐར་ཐོན་ལས་འཕེལ་རྒྱས་སྐོར་ལ་ཚོད་འཛིན་ཚབས་ཆེན་ཐེབས་པ་རེད། ཞུའེ་ཁྲེང་གིས2018ལོ་ནས་བཟུང་ཞིང་ཆེན་ཆུ་བེད་ཐིང་གིས་ལོ་ལྟར་མ་དངུལ་སྒོར་དུང་ཕྱུར1བཏང་ནས་རང་ཁུལ་གྱི་ཚ་སྐམ་ལུང་གཞུང་ས་ཁུལ་གྱི་ཉི་ནུས་འོད་ཧྥུ་ས་ཚུགས་ཀྱི་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། ད་སྔར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2.61བཏང་ཡོད། ཁུལ་དང་རྫོང་ཆུ་བེད་སྡེ་ཚན་གྱིས་ལས་གཞི་དེ་ཐོན་ལས་ཀྱི་རྗེས་སུ་འབྲངས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་ལས་བཀོད་སྒྲིག་གང་དུ་བྱས་ན་ལས་གཞི་དེ་གར་སླེབས་པའི་རྩ་དོན་ལྟར་རྫོང12ཀྱི་ཉི་ནུས་ཆུ་འཐེན་ས་ཚུགས་ཀྱི་ཐོན་སྐྱེད་ཆ་ཚང་སྒྲིག་པའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་སྤྱོད་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད་ཅེས་བཤད་པ་རེད། རོང་བྲག་རྫོང་སྤྲོ་སྣང་ཡུལ་ཤོག་སྤྲེལ་ལུང་གྲོང་སྡེ་ནི་རི་མཐོའི་ས་ཁུལ་དུ་གནས་ཡོད་ཅིང་། འཚོ་བའི་སྤྱོད་ཆུ་ཕུད་ཞིང་ཁར་ཆུ་འདྲེན་པར་དུས་ཡུན་རིང་པོ་ཆུ་དཀོན་པས་རོང་བྲག་རྫོང་གི་སྤྱོད་ཆུ་དཀའ་ངལ་ཆེ་ཤོས་ཀྱི་གྲོང་སྡེའི་གྲས་ཤིག་ཏུ་གྱུར་ཡོད། གྲོང་སྡེའི་མགོ་འཛིན་པ་དཔལ་ཚོགས་ཀྱིས་གྲོང་སྡེའི་ཉི་ནུས་འོད་ཤུགས་ཆུ་འདྲེན་ས་ཚུགས་ཚོད་ལྟ་འཛུགས་སྐྲུན་བྱེད་པ་ནས་བཟུང་མང་ཚོགས་རྣམས་རང་འཕེལ་ངང་ཉིན་མཚན་མེད་པར་ལས་ཀར་ཞུགས་བཞིན་ཡོད་ཅེས་བཤད་པ་རེད།

    དཔལ་ཚོགས་ཀྱིས་གསར་འགོད་པར་སྔོན་ཆད་ལོ་ལྟར་ཟླ་བ་དང་པོ་ནས་བཞི་པའི་བར་གྲོང་མི་ཚོ་སེམས་འཚབ་ནས་རི་འདབས་ཀྱི་ལྷུང་ལྷུང་འབབ་པའི་ཆུ་ཕྲན་ལ་མིག་གིས་བལྟས་པ་ལས་ཞིང་ནང་གི་མ་རྨོས་ལོ་ཏོག་ལ་ཆུ་འདྲེན་མི་ནུས་པས་སེམས་སྡུག་ཆེན་པོ་སྐྱེས། ད་ལྟར་ཆུ་ཡོད་པས་ལོ་ལེགས་མི་ཡོང་པའི་སེམས་ཁྲལ་མི་འདུག སླད་ཕྱིན་ང་ཚོས་གང་ཞིག་བཏབ་ཀྱང་ཆོག་ཏེ་ཐོན་ལས་འཕེལ་རྒྱས་ཡོང་ངེས་རེད་ཅེས་བཤད། ད་སྔའི་བར་ཁུལ་ཡོངས་ཀྱི་རྫོང12ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི29300བཏང་ནས་ཉི་ནུས་གཤེར་འཐེན་ས་ཚུགས59འཛུགས་སྐྲུན་བྱས་པ་དང་། ཉི་ནུས་གཤེར་འཐེན་ས་ཚུགས་ཀྱི་རྩོལ་ཕྱོད་སྟོང་ཝ6312.2གསར་སྣོན་བྱས་ཡོད། ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཁྱོན་མུའུ26648གསར་སྣོན་བྱས་ཡོད། དེ་དང་ཆབས་ཅིག ཐོན་སྐྱེད་ལེ་ལག་ཚང་བའི་ལས་གཞི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཞིང་ནང་ཆུ་བེད་ཀྱི་ཆུ་འདྲེན་ཆུ་ཚད་མཐོ་རུ་བཏང་། ཁུལ་ཡོངས་ཀྱིས་རྫོང15ཡི་ཞིང་ཁའི་ཆུ་བེད་ཆུང་གྲས29དང་ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་ཐུབ་པའི་ཞིང་ཆུ་འདྲེན་པའི་ཐོན་སྐྱེད་ཆ་འགྲིག་གི་ལས་གཞི་འཛུགས་སྐྲུན་ལག་བསྟར་བྱས་པ་རེད། མ་དངུལ་སྒོར་ཁྲི23321.5བཏང་ནས་ཕན་ནུས་ཆེ་བའི་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཁྱོན་མུའུ75163མང་དུ་བཏང་ཡོད།

     དབྱར་ཁའི་ཞོགས་པར། ས་བབ་མཐོ་ཚད་སྨི4200ཡོད་པའི་སེར་ཤུལ་རྫོང་ཕྱག་ཚྭ་གྲོང་རྡལ་ཐར་ཤུལ་གྲོང་སྡེར་ད་དུང་གྲང་ཤུར་ཤུར་ཞིག་ཡིན་ཞིང་། གྲོང་མི་ཆོས་རྡོས་སྔ་མོ་ནས་བསྲུབས་ཇ་བཏུང་རྗེས་བྲེལ་འཚུབ་ངང་སྒོ་ཕྱིར་བུད་དེ་གསར་དུ་བསྐྲུན་པའི་གྲོང་སྡེའི་ཉེན་མེད་འཐུང་ཆུའི་ཆུ་ཟབ་ཁྲོན་པའི་འགྲམ་དུ་ལྟ་བར་སོང་། ཆོས་རྡོས་རྫོང་ཆུ་བེད་ཅུས་ཀྱིས་ང་ཚོར་ཁྲོན་པ་བརྐོས་པ་ནས་བཟུང་། ང་ཚོའི་ཁྱིམ་ཚང་འདི་དག་གི་ཆུ་ཆད་མ་མྱོང་། ཉིན་རེར་ང་རང་ཁྲོན་པའི་ཉེ་འགྲམ་དུ་ལྟ་ཞིབ་ལ་འགྲོ་བཞིན་ཡོད།ང་ཚོའི་གྲོང་སྡེའི་ས་བབ་མཐོ་ལ་རང་འབབ་གཙང་ཆུ་འཐུང་རྒྱུ་བྱུང་བ་ནི་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་པས་ཐུགས་རྗེ་ཆེ་ཞེས་བཤད་པ་རེད། ཉག་རོང་རྫོང་རྒྱ་རྭ་གཤིས་ཡུལ་ཤོག་ཆུ་སྐོར་གྲོང་སྡེའི་ད་ལོར་ལོ་ན40ལ་སོན་པའི་ཉི་འོད་ཀྱིས་དྲན་གསོ་བྱེད་བཞིན་དུ་སྔོན་ཆད་གྲོང་སྡེར་ལམ་མེད་ལ་རི་མཐོ་གཡང་གཟར་ཡིན་པས་གྲོང་མིའི་འཐུང་ཆུ་གཙོ་བོ་ཆུ་མིག་ལ་བརྟེན་དགོས་པ་རེད། རི་ལྡེབས་གཟར་ཞིང་འགྲོ་འོང་བྱེད་ཐེངས་རེར་རྒྱ་མ50ལས་འཁུར་མི་ཐུབ་ཅིང་། ནང་མི་ཚང་མའི་ཉིན་གཅིག་གི་ཆུ་ཁུར་ན་ཉུང་མཐར་ཡང་ཐེངས་ལྔ་དྲུག་ཙམ་འཁུར་དགོས་པ་རེད་ཅེས་བཤད་པ་རེད། གྲོང་སྡེའི་ཉེན་མེད་འཐུང་ཆུའི་མཐའ་མཇུག་ལས་ཀ་འགྲུབ་ཐུབ་པ་བྱ་ཆེད། རང་ཁུལ་གྱིས་གྲོང་སྡེའི་འཐུང་ཆུའི་ཉེན་མེད་གནས་ཚུལ་ལ་གཞིགས་ནས་དུད་ཚང་དབུལ་པོའི“ཉེན་མེད་འཐུང་ཆུ་ཡོད་པའི”དབུལ་ཐར་འགག་སྒྲོལ་གྱི་དམིགས་ཡུལ་ལ་དམིགས་ཏེ། ཉེན་མེད་འཐུང་ཆུ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འགག་སྒྲོལ་བྱེད་ཐབས་བཟོས། སྲ་བརྟན་མཐོར་གཏོང་དང་ཆད་ལུས་ཞིབ་བཤེར་དང་ཁ་གསབ་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཉེན་མེད་འཐུང་ཆུའི་ཞན་ཆ་གསབ་སྣོན་བྱས་ཡོད། ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོར་དམིགས་ནས་གྲོང་སྡེ་དང་དུད་ཚང་གཅིག་ཀྱང་མི་ལུས་པར་འགན་ལེན་བྱས་ཏེ“གྲོང་སྡེའི་འཐུང་ཆུ་ཉེན་མེད་ཡོང་བར་འགན་ལེན་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ཁུལ་ཡོངས་ཀྱི་གྲོང་སྡེ་དབུལ་པོ972ལེགས་འགྲུབ་བྱུང་ཡོད་པ་རེད། གྲོང་སྡེ་དབུལ་པོ་མིན་པའི་འཐུང་ཆུའི་ཉེན་མེད་ལས་གྲྭ612ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི67640.94བཏང་ཡོད། ལས་གྲྭ་དེ་ཡིས་ཞིང་འབྲོག་མང་ཚོགས་ཁྲི31.2656ལ་ཕན་པ་ཐོབ་ཡོད། དུད་ཚང་ཁྲི3.0027གྱི་ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་ཁྲི13.0057གྱི་འཐུང་ཆུའི་ཉེན་མེད་གནད་དོན་ཐག་གཅོད་བྱས་པ་དང་ཁུལ་ཡོངས་ཀྱི་གྲོང་སྡེའི་འཐུང་ཆུ་གཙང་མ་གཅིག་སྡུད་ཐོག་མཁོ་འདོན་བྱེད་ཚད་བརྒྱ་ཆ89ལ་ཟིན་ཡོད་པ་རེད། རང་འབབ་ཆུ་དུད་ཚང་དུ་ཁྱབ་ཚད་བརྒྱ་ཆ85.6ལ་ཟིན་ཡོད། གྲོང་སྡེའི་ཉེན་མེད་འཐུང་ཆུའི་མདོང་དྲྭ་ཁྱིམ་ཚང་ཀུན་ལ་ཁྱབ་པའི་ཁང་པའི་རྒྱབ་མདུན་གྱི་ཞིང་ཁ་དང་མུ་ཁར་གྲོང་སྡེའི་ཡུལ་མིའི་འཐུང་ཆུའི་ཉེན་མེད་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པ་རེད།

འཐུང་ཆུའི་ཉེན་མེད་ལས་གྲྭར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། “སྤུས་ལེགས་ཀྱི་རང་འབབ་ཆུ་ཡོད་པས་གྲོང་སྡེའི་ནང་གོས་འཁྲུད་འཕྲུལ་ཆས་ཉོ་མཁན་མང་དུ་ཕྱིན་ཡོད། ཉི་འོད་ནུས་པའི་ཆུ་སྲོ་ཆས་མང་དུ་བཏང་བས་ལུས་འཁྲུ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་། ཞིང་པ་དང་ཆུ་དང་འབྲེལ་བ་ཡོད་པའི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་ཕྱིན་ནས་གྲོང་སྡེའི་སྡོད་མལ་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་ཆོས་དགེ་གྲོང་སྡེའི་མགོ་འཛིན་གྱིས་གསར་འགོད་པར་དེ་ལྟར་བཤད་པ་རེད། ཚད་གཞི་མཐོ་བའི་དྭངས་གཙང་གི་འཐུང་ཆུ་ཁྱིམ་ཚང་ཁྲི་སྟོང་མང་པོར་བཏང་བས་ནད་ཡམས་ཀྱི་ཉེན་ཁ་ཚོད་འཛིན་ཐུབ་ཡོད། གྲོང་སྡེའི་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་ཐོབ་ནས་ཕྱི་ཕྱོགས་སུ་གླ་པ་བྱེད་པར་བསྐྱོད་པས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་ཤུགས་ཆེན་ཕྱིན་པ་དང་ཆབས་ཅིག་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་ཅེས་བཤད་པ་རེད།

ཡུལ་བབ་དང་བསྟུན་ནས་གྲོང་སྡེའི་འཐུང་ཆུའི་ཉེན་མེད་ཀྱི་ལས་གཞི་སྲ་བརྟན་དུ་བཏང་།

    སྡེ་རོང་རྫོང་ཕག་རི་ཡུལ་ཤོག་བེ་དམ་གྲོང་སྡེའི་གྲོང་མི་བཀྲ་ཤིས་དབང་འདུས་ཀྱིས་དེ་སྔོན་ང་ཚོ་ཉིན་ལྟར་ནམ་མ་ལངས་གོང་ནས་ཕྱིར་ཆུ་འཁུར་བར་འགྲོ་དགོས་ལེ་རེད། ཉིན་ཕྱེད་ཙམ་ལ་ཆུ་ཁུར་ནའང་ཁྱིམ་མི་ཚང་མ་དང་ཕྱུགས་ཟོག་ལ་འཐུང་རྒྱུ་མ་གཏོགས་མེད་པ་རེད། ཚང་མས་ཆུ་གཙང་མས་རྐང་པ་བཀྲུ་མི་ཕོད་ཅིང་། ཚལ་བཀྲུས་པའི་བཀྲུས་ཆུ་དེ་མི་ཕོད་ནས་ཉིན་གཉིས་པར་ངོ་འཁྲུད་ས་བྱེད་དགོས་ལེ་རེད། ད་ཆ་ངེད་གྲོང་སྡེའི་དུད་ཚང་ཚང་མས་རང་འབབ་ཆུ་སྤྱོད་ཀྱིན་ཡོད། ཧ་ཅང་སྟབས་བདེ་མོ་རེད་ཅེས་བཤད་པ་རེད།

    ཉེན་མེད་བློས་འཁེལ་གྱི་འཐུང་ཆུ་དེ་མི་དམངས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་དང་འཚོ་བའི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། གྲོང་སྡེའི་འཐུང་ཆུའི་ཉེན་མེད་སྲ་བརྟན་མཐོར་འདེགས་ལས་གྲྭ་ནི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་པས། གྲོང་སྡེ་དར་རྒྱས་ཡོང་བར་ཕན་ཐོགས་ཆེན་པོ་འདུག མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད། བཀྲ་ཤིས་དབང་གིས་དེ་སྔ་གྲོང་སྡེའི་འཐུང་ཆུའི་སྤུས་ཚད་ཞན་པར་མ་ཟད། ཆུ་ཚད་ཀྱང་འདང་གི་མེད། སྡེ་མིས་ཆུ་བཀོལ་བ་ཧ་ཅང་སྟབས་མི་བདེ་ཞེས་བཤད། རང་ཁུལ་གྱིས་གྲོང་སྡེའི་འཐུང་ཆུའི་ཉེན་མེད་དེ1984ལོ་ནས་བཟུང་གྲོང་སྡེའི་མི་ཕྱུགས་ཀྱི་འཐུང་ཆུའི་དཀའ་ངལ་སེལ་བ་དང་གྲོང་སྡེའི་འཐུང་ཆུའི་ཉེན་མེད་བཅས་དུས་མཚམས་གསུམ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་སྔ་རྗེས་སུ་བརྒྱུད་ཡོད། རིམ་བསགས་ཀྱིས་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར21.0717བཏང་བ། རིམ་རྩིས་བྱས་ན་འཛུགས་སྐྲུན་ལས་གྲྭ་ཁག6121ཡོད་པ་དེས་མི་ཁྲི་བརྒྱ་ཙམ་གྱི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་ཡོད། དེའི་ནང་ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་ཁྲི13.0057ཚུད་ཡོད། རང་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་འཐུང་ཆུའི་ཉེན་མེད་འདུ་འགོད་ལ་སྐུལ་འདེད་བཏང་སྟེ་གཅིག་སྡུད་ངང་ཆུ་མཁོ་འདོན་ཐུབ་རིགས་ལ་རང་འབབ་ཆུ་ཀ་ལ་གཅིག་སྡུད་ངང་ཆུ་མཁོ་འདོན་བྱ་རྒྱུ་དང་། དེ་སྔ་རང་འབབ་ཆུ་ཀ་ཡོད་ཀྱང་བེད་སྤྱོད་བྱེད་མཚམས་འཇོག་རིགས་ཉམས་གསོ་རིམ་སྤོར་བྱེད་པ་དང་། གཅིག་སྡུད་ངང་ཆུ་མཁོ་འདོན་བྱེད་མི་ཐུབ་པའི་རིགས་ལ་ཁ་ཐོར་ངང་ཆུ་མཁོ་འདོན་བྱེད་པའམ་ཡང་ན་ཁྲོན་པ་གཏིང་ཟབ་བརྐོས་ནས་དམངས་འཚོའི་འདུ་འགོད་ཀྱི་དམངས་ཕན་གྲུབ་འབྲས་ཀྱིས་མི་སེར་དེ་བས་མང་བར་ཕན་པ་ཐོབ་རྒྱུའི་འགན་ལེན་བྱས།

    ཆུ་ཡག་པོ་འཐུང་རྒྱུ་དང་ཆུ་ཡག་པོ་སྤྱོད་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད། ཁུལ་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞི་གཞིར་བཟུང་ནས་གྲོང་སྡེའི་མི་འབོར་གྱི་འཐུང་ཆུའི་ཉེན་མེད་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་བློས་འགེལ་ཆོག་པའི་ཆུ་མཁོ་འདོན་འགན་ལེན་བྱས་པ་རེད།།


  • ལེ་ཚན་སྔོན་མ།:ཏེང་ཞའོ་ཀང་གིས་དཀར་མཛེས་ཁུལ་དུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • ལེ་ཚན་རྗེས་མ།:ས་མཐོའི་མུ་ཏིག་གི་འཕོ་འགྱུར།
  • དོ་སྣང་ཆེ་བའི་རྩོམ།