གསར་བརྗེའི་གནས་གཞི་རྙིང་པར་ཡུལ་སྐོར་འོངས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དྲན་གསོ་བྱེད།

ལྷ་འཛོམས་ཀྱིས་བསྒྱུར།        2020-08-05

གསར་བརྗེའི་གནས་གཞི་རྙིང་པར་ཡུལ་སྐོར་འོངས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དྲན་གསོ་བྱེད།

སི་ཁྲོན་རྒྱང་སྐྱོད་ལས་བྱེད་སློབ་གླིང་དཀར་མཛེས་ལྕགས་ཟམ་ཁ་ཡན་ལག་སློབ་གླིང་གིས་སློབ་མས་རྒྱང་སྐྱོད་ལམ་བུར་ཡང་དུ་བསྐྱོད་ནས་མྱོང་ཚོར་བྱེད་བཞིན་པའི་ཚུལ།

      ཉེ་ཆར། སི་ཁྲོན་རྒྱང་སྐྱོད་ལས་བྱེད་སློབ་གླིང་དཀར་མཛེས་ལྕགས་ཟམ་ཡན་ལག་སློབ་གླིང་གིས་སློབ་མ100ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དུ་ཡོད་པའི“ཀྲུང་གོའི་བྱང་མཐའ་ཡི་དབྱིས་རིགས་གྲོང”ཞེས་པའི་འབོ་སྒང་གླིང་གྲོང་སྡེ་རུ་འོངས་ནས“རྒྱང་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ”དང་། “དམར་དམག་གི་གྱོན་ཆས་གྱོན་པ”“དམར་དམག་གི་ཟ་མ་ཟ་བ”སོགས་སྣ་མང་ཕུན་སུམ་ཚོགས་པའི་གསར་བརྗེའི་སློབ་གསོ་བྱེད་སྒོ་སྤེལ་བ་རེད།

    དམར་དམག་རྒྱང་སྐྱོད་བྱེད་པའི་ལམ་བུ་གལ་ཆེན་ཞིག་ཡིན་པའི་ཆ་ནས་འབུ་ཞབས་གྲོང་རྡལ་དུ་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་ཡོད་པས། ཉམས་ལེན་རྣམ་པའི་སློབ་ཁྲིད་དང་གསར་བརྗེའི་ཏང་གཤིས་སློབ་གསོ་སྤེལ་བའི་ཆེས་བཟང་བའི་ས་ཚུགས་ཤིག་ཡིན་པ་རེད། ཐེངས་འདིའི་བྱེད་སྒོའི་ནང་སློབ་མ་ཚོས་འབོ་སྒང་གྲོང་སྡེའི་གཞིས་མི་རྒན་པ་མའོ་ཧྥུའུ་ཆོན་གྱི་སྣེ་ཁྲིད་འོག་སྤྱི་ལེ2.5ཡོད་པའི་རྒྱང་སྐྱོད་ལམ་བུ་ཇི་མ་ཇི་བཞིན་སླར་ཡང་བསྐྱོད་དུ་བཅུག་པ་རེད།

གསར་བརྗེའི་ལམ་ཆུང་དུ་རྐང་ཐང་མ་བསྐྱོད་གོང་རྒན་པ་མའོ་ཧྥུའུ་ཆོན་གྱིས་སློབ་མ་ཚོར་དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱས་པ་དང་དབྱིས་དམག་མནའ་འབྲེལ། དམར་དམག་འབོ་སྒང་གླིང་གྲོང་སྡེར་རྒྱང་སྐྱོད་བྱས་པའི་སོགས་དམར་དམག་གི་གཏམ་རྒྱུད་བཤད་ནས་སློབ་མ་ཚོར་ཐོབ་པ་དཀའ་བའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་ཞིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ཁྲོད་འགག་སྒྲོལ་དཀའ་སེལ་དང་ཐོག་མའི་བསམ་འདུན་གཏན་སྲུང་དང་འགན་འཁྲི་འཁུར་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་ཐུབ་པ་བྱ་དགོས་ཞེས་རེ་འདུན་གནང་བ་རེད།

“རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་སླར་ཡང་སྐྱོད་དུས་དམར་དམག་གིས་དཀའ་ངལ་ཁྱད་བསད་དང་འབད་འཐབ་ལྷོད་མེད་བྱས་པའི་སྙིང་སྟོབས་དེ་ང་ལ་ཤེས་ཚོར་ཟབ་མོ་བྱུང་། སློབ་གསོའི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ངས་སྙིང་སྟོབས་འདི་ཀུན་སྤྱོད་གསོ་སྐྱོང་བྱེད་པའི་དོན་དངོས་ཀྱི་བྱ་བའི་ཁྲོད་དུ་འབྲེལ་འདྲེས་བྱས་ནས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་སློབ་མ་ཧུའུ་ཡུང་གིས་དེ་ལྟར་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་། འབོ་ཞབས་གྲོང་རྡལ་གྱི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས“གསར་བརྗེའི་ཡུལ་སྐོར་དང་ཞིབ་འཇུག་སློབ་གཉེར་རྟེན་གཞི་”གཉིས་འཕེལ་རྒྱས་གཏོང་བ་དེ་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱི་གསེར་ཡིག་གི་མིང་བྱང་གཞན་ཞིག་ཏུ་གྱུར་ཡོད། སྔོན་ཆད་ཀྱི་དབུལ་ཕོངས་གྲོང་ཚོ་འབོ་བཀག་གླིང་དང་པའེ་དབྱང་ཕིང་ནི་ད་ཆའི་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད། དམར་དམག་གིས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱེད་སྐབས་མྱུར་སྐྱོད་ལམ་ཆུང་དེ་ད་ཆའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར་ཡོད། གྲོང་ཚོ་གཉིས་ཀྱིས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་མིའི་འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་བཏང་ནས་གསར་བརྗེའི་ཡུལ་སྐོར་གྱི་ཚ་རླབས་ཤིག་འཕྱུར་བ་རེད། ན་ནིང་ལོར་གྲོང་སྡེ་གཉིས་ཀྱིས་གསར་བརྗེའི་ཡུལ་སྐོར་དང་ཞིབ་འཇུག་སློབ་གཉེར་ཡོང་མཁན་ཡུལ་སྐོར་བ་མིའི་ཐེངས་གྲངས40000ལྷག་ཙམ་ལ་སྣེ་ལེན་བྱས་པ་དང་། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བའི་དུས་མཚུངས་སུ། ས་གནས་དེ་གའི་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་མང་ཚོགས་ལ་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་པ་རེད།

མིག་སྔར། སི་ཁྲོན་རྒྱང་སྐྱོད་ལས་བྱེད་སློབ་གླིང་དཀར་མཛེས་ལྕགས་ཟམ་ཁ་ཡན་ལག་སློབ་གླིང་གིས་འབོ་བཀག་གླིང་གྲོང་ཚོ་དང་པའེ་དབྱང་ཕིང་གྲོང་ཚོར་གན་རྒྱ་བཞག་ནས་གྲོང་ཚོ་གཉིས་པོ་དེ་སློབ་གླིང་གི་གསར་བརྗེའི་སློབ་གསོ་དགོས་ངེས་ཀྱི་ས་ཚིགས་སུ་བརྩིས་ནས་ཡོད་པ་དང་། དེ་དང་ཆབས་ཅིག་ཞིབ་འཇུག་དང་སློབ་སྦྱོང་དང་ཡུལ་སྐོར་བཅས་ཀྱི་ཚོགས་པ་མི་ཉུང་བ་ཞིག་གིས་འབོ་ཞབས་གྲོང་རྡལ་དེ་གསར་བརྗེའི་སློབ་གསོའི་བྱ་ཡུལ་དང་དམིགས་སའི་གྲས་ཤིག་ཏུ་བརྩི་རྒྱུ་ཡིན་པ་རེད། གསར་བརྗེའི་སློབ་གསོ་བྱེད་སྒོ་སྤེལ་བ་ནི་གསར་བརྗེའི་སྙིང་སྟོབས་ལག་ལེན་བསྟར་བའི་ཡུལ་སྐོར་བྱ་བ་ཞིག་ཡིན་པར་མ་ཟད། ས་གནས་དེ་གའི་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱེད་པ་དང་གྲོང་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྒུལ་ཤུགས་གསར་པ་གལ་ཆེན་ཞིག་ཏུ་དེ་ལས་ཀྱང་གྱུར་ཡོད།།


  • ལེ་ཚན་སྔོན་མ།:ན་གཞོན་ལས་བྱེད་པ་དེ་དབུལ་ཐར་འགག་སྒྲོལ་གྱི་ལས་གནས་ཐོག་ཚེ་ལས་འདས།
  • ལེ་ཚན་རྗེས་མ།:ARJ21གནམ་གྲུ་འདབ་པ་ཉི་སྟེན་གནམ་གྲུ་ཐང་དུ་ཆེད་དོན་ཚོད་ལྟའི་འཕུར་སྐྱོད་ལེགས་འགྲུབ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།