སི་ཁྲོན་རོང་བྲག་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་དབུལ་སྐྱོར་ཡག་པོ་བྱས་པ།ཡུལ་མིས་མགྲོན་ཁང་གཉེར་ནས་ཕྱུག་པོའི་ལམ་དུ་བསྐྱོད།

    མི་དམངས་དྲ་བ།    2020-08-04

སི་ཁྲོན་རོང་བྲག་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་དབུལ་སྐྱོར་ཡག་པོ་བྱས་པ།ཡུལ་མིས་མགྲོན་ཁང་གཉེར་ནས་ཕྱུག་པོའི་ལམ་དུ་བསྐྱོད།

     འདི་ནི་བརྒྱ་གཅིག་གྲོང་རྡལ་ཡིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གྲོང་གི་ནུབ་བྱང་བརྒྱུད་ཀྱི་སྤྱི་ལེ་6སར་གནས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2000ཡོད་པ་དང་། ཁོར་ཡུག་མཛེས་སྡུག་ལྡན་ཞིང། དུས་བཞི་དཔྱིད་ཀ་དང་མཚུངས།
     མི་དམངས་དྲ་བའི་འཕྲིན། མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བལྟོས་བཅས་ཀྱི་མཐོ་ཚད་ཧེ་བག་སྨི་སྟོང་ལ་ཉེ་བའི་རི་ལྡེབས་སུ། བོད་བཟོའི་ཁང་པ་རེ་རེ་བཞིན་ལྗོན་ཤིང་གི་གསེབ་ཏུ་ཁྱབ་ཡོད། ཉི་འོད་སྤྲིན་གསེབ་ནས་རི་ལྡེབས་སུ་འཕྲོས་པ་དང་། ཁང་པ་དེ་ཚོ་གྲལ་འགྲིག་ལ་ཁ་ཁུ་སིམ་མེར་གནས།
     ལོ་53ལ་སླེབས་པའི་ཐང་ཞིའུ་དབྱིན་ནི་བརྒྱ་གཅིག་གྲོང་རྡལ་བརྒྱ་གཅིག་གྲོང་ཚོ་དང་པོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན། ཁོང་ཁྱིམ་ཚང་གི་བོད་བཟོའི་ཁང་པ་རི་ལྡེབས་དེར་གནས་ཡོད། དཀར་དམར་འདྲེས་མའི་གྱང་ངོས་སུ་མེ་ཏོག་དང་། འདབ་ཆགས། ཉ། འབུ་སོགས་སྣ་ཚོགས་བྲིས་ཡོད། དེའི་ནང་གི་ཁང་མིག་13ནང་ཡུལ་སྐོར་བ་སྣེ་ལེན་བྱེད་ཀྱི་ཡོད།
     ཐང་ཞིའུ་དབྱིན་གྱི་ཁྱིམ་ནི་ཁྱིམ་ཚང་མགྲོན་ཁང་བཙུགས་མཁན་ཨང་དང་པོ་ཡིན། 2000ལོར་སྲིད་གཞུང་གི་འབོད་སྐུལ་དང་སྐུལ་སློང་འོག ཁོང་ཁྱིམ་གིས་སྟོང་པར་ལུས་པའི་ཁང་པ་དག་བཀོད་སྒྲིག་བྱས་ནས་མགྲོན་ཁང་བཙུགས་པ་རེད།
     “སྐབས་དེར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད།” ཐང་ཞིའུ་དབྱིན་གྱིས་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱས་ནས། གྲོང་མི་ལ་ལའི་འདུ་ཤེས་ཅུང་རྙིང་ཞེན་ཡིན་པས་ཆ་རྒྱུས་མེད་པའི་མི་ཁྱིམ་དུ་སྡོད་རྒྱུ་དང་ལེན་བྱེད་ཀྱི་མེད། “ང་ཚོ་དང་ཁྱིམ་མཚེས་དུད་ཚང་30ལྷག་ཙམ་གྱིས་དེ་ལྟར་གྲོང་མི་ཁྱིམ་མཚེས་གཞན་གྱི་བསམ་ཤེས་མི་ཐོབ་པའི་འོག་ལས་གཏོད་ཀྱི་ལམ་བུ་བརྩམས་འགོ་བཙུགས་ཡོད”ཅེས་བརྗོད།
     ལོ་ཤས་སོང་རྗེས། གྲོང་མི་རྣམས་ཀྱིས་ཐང་ཞིའུ་དབྱིན་གྱི་བྱ་གཞག་ཇེ་ལེགས་སུ་སོང་བ་མཐོང་བས་སྐུལ་མ་ཐེབས་ནས། མཉམ་དུ་ཞུགས་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད། “ད་ཆ་ཚང་མའི་འདུ་ཤེས་འགྱུར་ཡོད། མི་མང་པོ་ཞིག་གིས་ཡོང་འབབ་བྱུང་རྗེས་མ་དངུལ་བཏང་ནས་ཡུལ་མིའི་མགྲོན་ཁང་འཕེལ་རྒྱས་གཏོང་བའི་སྤྲོ་སེམས་ཧ་ཅང་ཆེན་པོ་འདུག”ཅེས་ཐང་ཞིའུ་དབྱིན་གྱིས་བཤད། ཁོ་ཚོའི་ཁྱིམ་ཡང་དེ་སྔོན་གྱི་ཁང་མིག་གཉིས་དང་ཉལ་ཁྲི་6ནས་ད་ཆའི་ཁང་མིག་13བར་འཕེལ་རྒྱས་ཕྱིན་ཡོད།
     “ཕྲུ་གུ་གསུམ་པོའི་སློབ་ཆེན་འགྲིམ་པའི་འགྲོ་གྲོན་ཚང་མ་ཡུལ་མིའི་མགྲོན་ཁང་གཉེར་ནས་བྱུང་བ་ཞིག་ཡིན། ད་ཆ་ཕྲུ་གུ་གཉིས་ལས་ཀར་ཞུགས་ཟིན་པ་དང་། བུ་ཆུང་བའང་གསོ་རིག་སློབ་གླིང་ནས་ཐོན་ཟིན་པས་ཁྱིམ་ཚང་ལ་དཔལ་འབྱོར་གྱི་ཁུར་པོ་ཆེན་པོ་མེད”ཅེས་ཐང་ཞིའུ་དབྱིན་གྱིས་བཤད།
     ཡུལ་མིའི་མགྲོན་ཁང་འཕེལ་རྒྱས་གཏོང་ཐུབ་པ་ནི་ཁོར་ཡུག་ཆེན་པོའི་ལེགས་བཅོས་ལས་བྱུང་བ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་མཉམ་བཟུང་བྱས་པས་རི་གྲོང་ལ་རྦད་དེ་འགྱུར་ལྡོག་བྱུང་ཡོད། སྲིད་གཞུང་གིས་མ་དངུལ་བཏང་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱས་པས་དུད་ཚང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་གྲོང་ཚོ་དང་གྲོང་ཚོའི་དབར་ཡང་རྡོ་ལེབ་ལམ་བཏིང་ཡོད། “གྲོང་མི་ཚོས་ད་ཆ་ཡུལ་སྐོར་སྣེ་ལེན་གྱི་ལས་སྒྲུབ་དུས་ཅི་བསམ་དེ་འགྲུབ་ཡོང་བཞིན་ཡོད་པ་དང་། ཚང་མས་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱས་ནས་དེ་བས་ལེགས་པའི་འཚོ་བ་སྐྱེལ་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད”ཅེས་ཐང་ཞིའུ་དབྱིན་གྱིས་འཛུམ་དམུལ་དམུལ་ངང་བཤད།
     ད་ལོ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཡོང་འབབ་ཉུང་དུ་ཕྱིན་མོད། འོན་ཀྱང་ཐང་ཞིའུ་དབྱིན་གྱིས་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད། “གྲོང་ཚོ་ནས་ཐོན་མི་དགོས་ཤིང་ཁྱིམ་དང་ཁ་འབྲལ་མི་དགོས་པར་ལོ་ལྟར་ཡོང་འབབ་སྒོར་ཁྲི་ཉི་ཤུ་སུམ་ཅུ་ཡོང་གི་ཡོད། འཚོ་བ་དེ་འདྲ་ཡག་པོ་མིན་ནམ”ཞེས་ཐང་ཞིའུ་དབྱིན་གྱིས་འཛུམ་དམུལ་དམུལ་ངང་བཤད།
     འདུ་ཤེས་བསྒྱུར་ནས་བདེ་སྐྱིད་གཉེར།  (གསར་འགོད་པའི་ཟིན་བྲིས།)
     དཀར་མཛེས་སུ་རི་མང་ལ་ཅུང་དབུལ་པོ་ཡིན་མོད། འོན་ཀྱང་ལེགས་ཆ་ཡང་ཡོད། དེ་ནི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དེ་རེད། རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་ནི་ཁྱིམ་དར་ཕྱུག་འགྱུར་གྱི་གསེར་རི་དངུལ་རི་ཡིན། དེར་བརྟེན་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་དགེ་སྤེལ་སྐྱོན་སྤང་ངང་ཡུལ་སྐོར་དབུལ་སྐྱོར་གྱི་ལམ་བུའི་ཐོག་བསྐྱོད་ཡོད། ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་ཡོང་ཐབས་བྱེད་དགོས་ན་ཐོག་མར་འདུ་ཤེས་བསྒྱུར་དགོས། དེའི་ཁྲོད་ཕྱུག་འགྱུར་སྣེ་ཁྲིད་པའི་དཔེ་སྟོན་ལ་མཐོང་ཆུང་བྱེད་མི་རུང་། སྣེ་ཁྲིད་པ་འགས་འབད་བརྩོན་བྱས་པ་བརྒྱུད་སྲོལ་རྒྱུན་གྱི་ལྟ་བར་འགྱུར་ལྡོག་བྱུང་ཡོད་ལ། མང་ཚོགས་དེའི་ནང་ཞུགས་པའི་སྤྲོ་སེམས་ཆེ་རུ་ཕྱིན་པ་དང་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་ཡོད། ད་དུང་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་གསར་འཛུགས་བྱས་པའི་ལས་སྟེགས་ཡག་པོ་དང་ཁོར་ཡུག་ཡག་པོ་ནི་རྨང་གཞི་ཡིན་པ་ཤེས་དགོས། ཕྱོགས་ཁག་གིས་ནུས་ཤུགས་ཡོད་རྒུས་གནད་དོན་ངོ་མར་དམིགས་ནས། ཐོན་ལས་རོགས་སྐྱོར་ཁ་གཏད་ཡང་དག་བྱུང་ན་དབུལ་སྒྲོལ་ལ་མདུན་ལམ་ཡོད། བརྒྱ་གཅིག་གྲོང་རྡལ་གྱི་བདེ་སྐྱིད་དུས་ལ་འཁེལ་ཡོད་པ་རེད། 

  • ལེ་ཚན་སྔོན་མ།:སྟོབས་རྒྱལ་གྱིས་རྒྱལ་ཁབ་རུ་ཁག་ལས་ཨང་དང་པོ་བླངས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི2020ལོའི་མཐོ་འབྲིང་དུས་རིམ་གྱི་སློབ་བསྡུའི་སྐར་ཚད།
  • དོ་སྣང་ཆེ་བའི་རྩོམ།