དགེ་རྒན།

ཚེ་གཡང་།        2020-08-03

     ཤེས་བྱ་བདུད་རྩིའི་བཅུད་ལ་རོལ་བའི་སློབ་གླིང་གི་དགའ་ཚལ་ན། རིག་གཞུང་སྦྲང་རྩི་མངར་མོ་མེ་ཏོག་གི་ལང་ཚོ་ང་ལ་ལྡན་ཞིང་། བྱམས་བརྩེ་གསེར་གྱི་གཟི་མདངས་ཀྱང་ང་ལ་མངའ།

     དགེ་རྒན་ནི་སློབ་གླིང་གི་ཉི་མ་བཞིན་ནམ་ཡང་དགའ་འཛུམ་གྱིས་ཁེངས་ནས་བྱིས་པ་བརྒྱ་ཕྲག་ལ་མདུན་ལམ་གྱི་འོད་ཆེན་ཕྱེ། དགེ་རྒན་ནི་སློབ་གླིང་གི་ཕ་མ་བཞིན་རྟག་ཏུ་བྱིས་པ་དེ་དག་གི་མི་ཤེས་པ་དང་སྐྱོན་ཆ་ཁར་ཁེར། མི་གོ་བ་སོགས་རེ་རེ་བཞིན་དག་བཅོས་དང་སྤུས་ལེགས་སུ་སྒྲིག་བཀོད་མཛད། དགེ་རྒན་ནི་སྒྲོན་མེ་བཞིན་དུས་ཀུན་ཏུ་བྱིས་པ་ཚོ་རྨོངས་མུན་གྱི་གཉིད་ལས་སད་དུ་བཅུག་ལ། དེ་བཞིན་རང་ཉིད་ནི་བྱིས་པ་ཚོ་ནར་སོན་པ་དང་ལྷན་དུ་དལ་དལ་ངང་ཟད་འགྲོ།

      དགེ་རྒན་ནི་སློབ་ཁྲིད་པ་ཙམ་མ་ཡིན་པར་རིགས་རྒྱུད་ཁྲིད་སྐྱོང་བ་སྟེ། མ་སྨིན་པའི་བྱིས་བློ་དེ་ཚོ་འབྱུང་གྱུར་གྱི་མི་རིགས་ག་གེ་མོའི་འཁོར་ཕྱོགས་དང་འགྲོ་སྟངས་ཡིན། གལ་ཏེ་ང་ཡི་ལྟོ་ཆས་སྒེར་ཆས་ཕྲ་ཙམ་མཆིས་ཚེ། དུས་རབས་ཀྱི་འཕེལ་རྒྱས་དང་མེས་པོའི་ཚེ་བླ་སྲོག་གསུམ་གྱི་སྲུང་བའི་རིག་གནས་དང་ཤེས་བྱ་རེ་རེ། གོམས་སྲོལ་དང་རང་གཤིས་གཙང་མ། འདི་དག་ནི་ངའི་ཤ་གསང་རུས་གསེབ་ཀྱི་ན་ཟུག་དང་འགན་འཁྲི་རེད།

དགེ་རྒན། མིང་བྱང་དུར་ཁང་ན་མེད་ཀྱང་འདས་མ་ད་གསུམ་གྱི་གླེགས་བུམ་གྱི་སྙིང་བཅུད་ན་ཡོད།


  • ལེ་ཚན་སྔོན་མ།:ལྷད་མེད་ཀྱི་བརྩེ་སེམས།
  • ལེ་ཚན་རྗེས་མ།:སླར་ཡང་ལྷ་མོ་དང་འཕྲད་པ།