ཡིག་མཁན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

མཁས་གྲུབ་ནོར་བུས།        2020-07-31

   

ཡིག་མཁན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

   དུས་རབས་བདུན་པའི་སྟོད་ཀྱི་ཆར་སློབ་དཔོན་ཐོན་མི་སམྦྷོ་ཊས་བོད་ཡིག་གསར་དུ་བཟོས་པ་ནས་བཟུང་། རིམ་གྱིས་གཟབ་ནས་འབྲི་དགོས་པ་ལ་གཟབ་མ་དང་། དེ་ཙམ་གཟབ་མི་དགོས་ཤིང་མགྱོགས་པོར་བྲིས་ཆོག་པ་ལ་གཤར་མ་ཞེས་འབྲི་ཚུལ་རིགས་གཉིས་བྱུང་། ད་ལྟ་གཟབ་མའི་ཡི་གེ་ལ་དབུ་ཅན་དང་། གཤར་མའི་ཡི་གེ་ལ་དབུ་མེད་ཀྱི་ཡི་གེ་ཟེར། དབུ་ཅན་དང་དབུ་མེད་ཟེར་དོན་ཡི་གེ་ལ་མགོ་འཐེན་ཡོད་པ་དང་མེད་པའི་སྒོ་ནས་བཏགས་པ་ཡིན། དེས་ན་བོད་ཡིག་ཐོག་མར་འབྲི་སྦྱོང་བྱེད་དུས་གོ་རིམ་དང་ལྡན་དགོས་པའི་ཚུལ་དང་། སྔོན་བྱོན་ཡིག་མཁན་རྣམས་ཀྱིས་ཚུལ་ཇི་ལྟར་དུ་དར་སྤེལ་བཏང་བ་དང་། དེ་ལ་བརྟེན་ནས་ཐབས་གང་གིས་ཡིག་གཟུགས་སྦྱོང་བའི་ཚུལ་ཏེ་ཚན་པ་གསུམ་གྱི་སྒོ་ནས་ཤེས་དགོས།

    ཐོག་མར་དབུ་ཅན་གྱི་ཀ་ཁ་སུམ་ཅུ་ཇི་ལྟར་འབྲི་ཚུལ་དང་། དེ་ནས་རིམ་པར་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་རྣམས་སྦྱོར་ཚུལ། ར་ལ་ས་ཡི་མགོ་ཅན་རྣམས་འདོགས་ཚུལ། ཡ་ར་ལ་ཝའི་འདོགས་ཅན་རྣམས་སྦྱོར་ཚུལ་བྱང་བར་སྦྱང་། དེ་ནས་མིང་དང་ཚིག་གི་ཕྲེང་བ་སྤེལ་བའི་ཚིགས་བཅད་དང་ཚིག་ལྷུག་འབྲི་བར་བསླབ། དེ་ལྟར་དབུ་ཅན་གྱི་འབྲི་ཚུལ་ལེགས་པར་བྱང་ཞིང་ཚད་དང་ལྡན་པར་གྱུར་བ་ན། དབུ་མེད་ཀྱི་ཡི་གེ་སྦྱོང་བའི་མགོ་འཛུག་དགོས། དབུ་མེད་ཀྱི་ཡི་གེ་ནི་སྣ་ཁ་གཅིག་མ་ཡིན་པར་རྣམ་གྲངས་དུ་མ་ཞིག་ཡོད། དེ་ཡང་ཐོག་མར་སུག་རིང་འབྲི་ཚུལ་སྦྱོང་དགོས། དེ་ཅུང་ཟད་ལོབས་པ་ན་ཚུགས་ཡིག་ཟེར་བ་དབྱིབས་གྲུ་གཞི་ཅན་ཇི་ལྟར་འབྲི་ཚུལ་སྦྱོང་དགོས། དེ་ལོབས་ནས་བར་བྲིས་ཟེར་བ་ཡིག་གཟུགས་ཅུང་ཟད་ཟླུམ་པོ་བྱུང་ན་འབྲི་སླ་བ་ཅན་དེ་སྦྱོང་དགོས། དེ་ལེགས་པར་ལོབས་པ་ན་རྒྱུགས་ཡིག་གམ་འཁྱུག་ཡིག་ཇི་ལྟར་འབྲི་ཚུལ་སྦྱོང་དགོས།

    དབུ་ཅན་ལ་མཚོན་ན་མཁས་པ་ཆེན་པོ་ཁྱུང་པོ་གཡུ་ཁྲི་ཟེར་བས་ཐིག་ཁོག་ཏུ་དྲངས་ནས་སློབ་པའི་ལག་ལེན་སྤེལ། ཡི་གེ་སོ་སོ་ལ་ཆ་ཆེན་དང་ཆ་ཆུང་གི་རེའུ་མིག་བཟོས་ནས་ཡི་གེའི་མགོ་དང་སྐེད། ལུས། རྐང་བ། མགོ་འདོགས་སོགས་ཐིག་གང་དང་གང་ལ་འབབ་པ་གཞིར་བཟུང་ནས་འབྲི་བ་མ་གཏོགས་སྣང་བ་གང་དྲན་བྱེད་མི་ཆོག ཐིག་ཁོག་ཏུ་དྲངས་ནས་བྲིས་པའི་ཁྱད་ཆོས་ནི། རིང་ཐུང་དང་ཞེང་ཚད་སྙོམས་པ་དང་མཐོ་དམའ་ཚད་དང་ལྡན་པ་དང་ཡ་ཡོ་ཀྱག་ཀྱོག་མི་ཤོར་བ་སྟེ་ཡོན་ཏན་གསུམ་ཚང་། ཡི་གེ་ཆེ་ཆུང་མི་ཤོར་བའི་ཚད་ནི་ཐིག་ཕྲེང་དང་བོ་ན་གང་ཡོད་ཀྱི་ཡི་གེ་དང་ཐིག་ཕྲེང་འགབ་མ་ན་ཡོད་པའི་ཡི་གེ་གཉིས་དཔར་བརྒྱབ་པ་ལྟ་བུའི་ཇི་མ་ཇི་བཞིན་བྱུང་ཚེ་ཆེ་ཆུང་གི་ཚད་ལ་ལག་བྱང་བའི་རྟགས་ཡིན། སྤྱིར་ཡོན་ཏན་གང་དང་གང་སྦྱོང་བ་ལ་ཅུང་ཟད་ཙམ་ཤེས་པ་ནས་བཟུང་ཁེངས་དྲེགས་ང་རྒྱལ་གྱི་མགོ་འཕང་ཇེ་མཐོ་དང་ཤེས་མེད་ཀྱང་ཤེས་རློམ་གྱིས་རང་གཞན་བསླུ་བའི་ངན་སེམས་དེ་ཐོག་མཐའ་བར་གསུམ་དུ་མི་འགྲོ་བར་མཁས་བྱའི་གནས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་འདི་རྣམ་པ་ཀུན་ཏུ་གལ་ཆེའོ། །

ཡིག་མཁན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

     སྤྱི་ཟླ7པའི་ཚེས27ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་རིག་གནས་ཁང་དུ་བོད་ཀྱི་ཡིག་གཟུགས་ལ་མཁས་པའི་ཡིག་མཁན་གྲགས་ཅན་དཔག་བསམ་དོན་འགྲུབ་ཀྱི་བོད་ཀྱི་ཡིག་གཟུགས་འབྲི་རྩལ་འགྲེམ་སྟོན་བྱེད་པའི་མགོ་ཚུགས་མཛད་སྒོ་སྤེལ་བ་རེད།

ཡིག་མཁན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

      དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་སུ་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཀྱིས་སྤྱི་ཟླ7པའི་ཚེས27ཉིན་ནས་སྤྱི་ཟླ8པའི་ཚེས1བར་གྱི་ཉིན་དྲུག་གི་རིང་ལ་གླིང་གི་དཔའ་ཐུལ་སུམ་ཅུའི་ཐང་ནག་གསེར་བྲིས་མ་དང་། བོད་ཀྱི་གནའ་དེང་ཡིག་གཟུགས་འབྲི་རྩལ། དགེ་རྟག་གཞས་ཀྱི་བོད་ཡིག་ཡིག་གཟུགས་ཞལ་ཐང་རིང་མོ། གསར་གཏོད་ཡིག་གཟུགས་དང་དཔེ་རྙིང་སོགས་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་བརྒྱ་ལ་ཉེ་བ་ཞིག་དཀར་མཛེས་ཁུལ་རིག་གནས་ཁང་གི་ཐོག་རྩེག་གཉིས་པའི་ནུས་མང་འགྲེམས་ཁང་དུ་འགྲེམ་སྟོན་བྱ་རྒྱུ་ཡིན་པ་རེད།

ཡིག་མཁན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

ཡིག་མཁན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

      ཐེངས་འདིའི་བྱེད་སྒོ་དེ་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཁུལ་རིག་གནས་ཁང་དང་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་རེད།།

ཡིག་མཁན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

     དཔག་བསམ་དོན་འགྲུབ་ནི་ཡིག་གཟུགས་མཁས་ཅན་གྱི་ཁྱིམ་རྒྱུད་དུ་སྐྱེས་ཤིང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། སློབ་འབྲིང་གི་མཐོ་རིམ་དགེ་རྒན་དང་། ཞིང་ཆེན་རིམ་པའི་ཡིག་གཟུགས་རྒྱུན་འཛིན་པ། སི་ཁྲོན་ཞིང་ཆེན་གྱི་ཡིག་མཁས་མཐུན་ཚོགས་ཀྱི་ལས་འཛིན། སི་ཁྲོན་ཞིང་ཆེན་གྱི་རིག་གནས་དང་བླངས་པ་བཅུ། གངས་ལྗོངས་ཁམས་པའི་རིག་གནས་དར་སྤེལ་གྱི་ཕོ་ཉ་ཆེན་པོའི་མཚན་སྙན་དང་། དཔག་བསམ་སློབ་ཞུགས་བྱ་དགའ། ཡིག་གཟུགས་རྩལ་ནུས་མཁས་ཅན་གྱི་ལས་སྒྲུབ་ཁང་། ཁམས་རིས་མཛེས་རྒྱན་མ་སོགས་གསར་གཏོད་དང་འགན་ལེན་བཞེས། བརྩམས་ཆོས་ལས་དཔྱད་རྩོམ་མང་པོ་རྒྱལ་ཡོངས་ཀྱི་དཔེ་དེབ་དང་འགྲེམས་སྟོན་ནང་ཐེངས་མང་ཚུད་པ་དང་བྱ་དགའ་ཡང་མང་ཙམ་ཐོབ། ད་ལྟར་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཕྱག་ལས་གནངས་ནས་སློབ་མ་མང་པོ་བསྐྱངས་དང་སྐྱོང་བཞིན་ཡོད།

ཡིག་མཁན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

     བརྩམས་ཆོས་ལ་རྒྱལ་ཡོངས་ཀྱི་གསེར་དང་དངུལ་གྱི་བྱ་དགའ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་འགྲེམས་སྟོན་སོགས་སུའང་བྱ་དགའ་ཐེངས་མང་ཐོབ་མྱངས། 2015ལོར་དཀར་མཛེས་ཁུལ་སྐབས་དང་པོའི་ཡིག་གཟུགས་འགྲན་བསྡུར་གྱི་ཆེས་མཐོ་བའི་བྱ་དགའ་ཐོབ། 2016ལོར་བརྩམས་ཆོས《དགེ་རྟག་གཞས་ཀྱི་བོད་ཡིག་ཡིག་གཟུགས་ཞལ་ཐང་རིང་མོ།》ལ་ཧྲང་ཧའེ་འཛམ་གླིང་ཆེན་མོ་ཅི་ཉི་སིའི་བྱ་དགའ་ཐོབ། 2017ལོར་བརྩམས་ཆོས《དཔེ་རྙིང་》ལ་ཧྲེན་ཀྲེན་རྒྱལ་སྤྱི་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཅུ་གསུམ་པའི་གསེར་གྱི་རྟགས་མ་ཐོབ། 2016ལོར་བརྩམས་ཆོས《མ་ཎི་ཡིག་དྲུག་ཐང་ག》ལ་ཧྲེན་ཀྲེན་རྒྱལ་སྤྱི་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པའི་ཟངས་ཀྱི་རྟགས་མ་ཐོབ་པ་དང་། 2016ལོར་བརྩམས་ཆོས《སློབ་དཔོན་པད་མ་འབྱུང་གནས》ལ་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གསར་གཏོད་དངུལ་གྱི་རྟགས་མ་ཐོབ། 2017ལོར་བརྩམས་ཆོས《དགེ་རྟག་གཞས་ཀྱི་གནའ་དཔེ》ལ་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ་ཐོབ།2018ལོར་བརྩམས་ཆོས《གླིང་སྒྲུང》ལ་སྐབས་བཅུ་བཞི་པའི་ཧྲེན་ཀྲེན་རྒྱལ་སྤྱི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་ཟངས་ཀྱི་རྟགས་མ་བཅས་གཟེངས་བསྟོད་མང་པོ་ཐོབ། 《ལྕགས་སྨྱུག་གི་བོད་ཡིག་དབུ་ཅན་འབྲི་ཐབས་ཀྱི་དཔེ་གཞི》དང་།《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བོད་ཡིག་བསྐྱར་སྦྱོང་གནད་བསྡུས》《གངས་ཅན་ཡིག་གཟུགས་ཀུན་བཏུས》《ཁམས་བྲིས་དབུ་ཅན་གྱི་མ་ཕྱི》སོགས་དཔེ་སྐྲུན་བྱས།

  • ལེ་ཚན་སྔོན་མ།:བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་ཡིག་གཟུགས་འགྲེམས་སྟོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།