ཕྱི་འབྲེལ་པུས་ཕེང་ཕེ་ཨའོ་ལ་ལྷོ་རྒྱ་མཚོ་ཨ་རིའི་ཞ་ཝེ་དབྱི་མིན་ཞེས་བརྗོད་པ།

        2020-07-30

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡི་ལྷོ་རྒྱ་མཚོ་དང་འབྲེལ་བའི་གཏམ་བརྗོད་ལ་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཚེས་28ཉིན་ཀྲུང་གོའི་ལྷོ་རྒྱ་མཚོའི་སྲིད་ཇུས་ལ་འགྱུར་ལྡོག་མེད་ལ། རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡོད། གལ་ཏེ་ཨ་རིའི་སྲིད་ཚོང་པ་ཉུང་ཤས་ཀྱིས་ལྷོ་རྒྱ་མཚོ་ཉོག་པོ་བཟོས་བསམ་ན་ས་ཁུལ་གྱི་རྒྱལ་ཁབ་དང་ཞི་བདེར་དགའ་བའི་མི་སྣ་ཚང་མས་ཁས་ལེན་བྱེད་མི་སྲིད་ཅེས་བརྗོད།
     “ཉེ་ཆར་ཕེང་ཕེ་ཨའོ་ཡིས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྲུང་གོར་དམའ་འབེབས་དང་ཚུར་རྒོལ་བྱེད་པའི་གཏམ་བརྗོད་ཐེངས་མང་སྤེལ་ཡོད། ང་ཚོས་ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་ཁ་ཤས་ལ་འདྲི་རྒྱུར་རྒྱ་མཚོའི་དོན་རྐྱེན་སློང་རྩིས་ཡོད་དམ”ཞེས་དབང་ཝུན་པིན་གྱིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་བརྗོད་པ་རེད།
     འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་ཁོང་གིས་ཀྲུང་གོའི་ལྷོ་རྒྱ་མཚོའི་སྲིད་ཇུས་ལ་འགྱུར་ལྡོག་མེད་ལ། རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས》ཚུད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ལག་བསྟར་ནན་ཏན་དང་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་གྲོས་མོལ་བརྒྱུད་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མངའ་ཁོངས་དང་རྒྱ་མཚོའི་ཁེ་དབང་གི་རྩོད་གཞི་ཐག་གཅོད་བྱེད་ཀྱི་ཡོད། “ང་ཚོས་ཐོག་མཐའ་བར་གསུམ་དུ《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་གི་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་མཉམ་དུ‘ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞི’ཡི་གྲོལ་མོལ་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་བརྩི་སྲུང་ཞུ་བའི་བྱ་སྤྱོད་ཚད་གཞི་སྔ་ཙམ་འཇོག་ཐུབ་པའི་བརྩོན་ལེན་བྱེད་འདོད་ཡོད་ཅེས་བརྗོད་པ་རེད་། 
    “ཕེང་ཕེ་ཨའོ་ཡིས་ཁ་གདངས་ཚད་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་བྱ་བ་སྒྲུབ་དགོས་ཞེས་བརྗོད་མོད། འོན་ཀྱང་ཚང་མས། ཨ་རི་ནི་རྒྱལ་སྤྱིའི་བཅའ་ཁྲིམས་སྲུང་སྐྱོང་བྱེད་པའི་མིང་འཁྱེར་ནས་རང་ཉིད་ཀྱི་ཁེ་ཕན་དོན་གཉེར་བྱེད་མཁན་ཡིན་པའི་དོན་དངོས་ཤེས་གསལ་རེད། རྒྱལ་སྤྱིའི་བཅའ་ཁྲིམས་རང་ཉིད་ཀྱི་ཁེ་ཕན་དང་མཐུན་ན་སྤྱོད་པ་དང་མི་མཐུན་ན་དོར་བ་ནི་ཨ་རི་ཕྱོགས་ཀྱི་སྔར་ནས་ད་བར་གྱི་ལངས་ཕྱོགས་ཤིག་རེད”ཅེས་དབང་ཝུན་པིན་གྱིས་བཤད། “ཨ་རིས་ཚོགས་པ་ནས་ཕྱིར་འཐེན་བྱས་ཏེ་ཆིངས་ཡིག་ལ་མི་བརྩི་བའི་དོན་གྱི་་ངོས་ནས་བཤད་ན། ཨ་རི་ཕྱོགས་ཀྱིས་རྒྱལ་སྤྱིའི་ཆིངས་ཡིག་དང་རྒྱལ་སྤྱིའི་རྩ་འཛུགས་བཅུ་ལྷག་ཙམ་ནས་ཕྱིར་འཐེན་བྱས་པས། ཚོགས་པ་ནས་ཕྱིར་འཐེན་བྱེད་མཁན་འཛམ་གླིང་གི་ཨང་དང་པོ་ཡིན་ཞེས་བརྗོད་ཆོག   2001ལོ་ནས་བཟུང་། ཨ་རིས་དབྱི་རག་དང་། ལི་པི་ཡ། སི་རི་ཡ་སོགས་རྒྱལ་ཁབ་ལ་དམག་འཁྲུག་བསླངས་པ་དང་དམག་དོན་གྱི་བྱ་སྤྱོད་སྤེལ་བས་མི་ཁྲི་80ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་སྟོང་མང་པོ་ཡུལ་གྱར་བར་གྱུར་ཡོད”ཅེས་བརྗོད།
    དབང་ཝུན་པིན་གྱིས་དོན་དངོས་ཐོག  ལྷོ་རྒྱ་མཚོར“དམག་དོན་ཅན”སྤེལ་བ་དང་ས་ཁུལ་དུ་ཛ་དྲག་དུས་བབ་བཟོ་མཁན་ནི་ཀྲུང་གོ་མིན་པར་ཨ་རི་ཡིན་།  ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ད་ལོའི་ལོ་སྟོད་དུ་ཨ་རིའི་དམག་སྤྱོད་གནམ་གྲུས་ལྷོ་རྒྱ་མཚོའི་ཐོག་བྱ་སྤྱོད་ཐེངས་2000ལྷག་ཙམ་སྤེལ་ཡོད། ཟླ་འདིའི་ཚེས་15ཉིན་ནས་ད་བར་ཨ་རིའི་དམག་སྤྱོད་གནམ་གྲུས་ཉིན་12བསྟུད་མར་ལྷོ་རྒྱ་མཚོར་བཅར་ནས་མྱུལ་ཞིབ་བྱས་ཡོད་། ཨ་རིས་ཉེ་ཆར་གནམ་ཐང་གྲུ་གཟིངས་གཉིས་ཀྱི་དཔུང་རུ་དེ་གར་བཏང་བ་དང་ད་དུང་དེའི་མནའ་གྲོགས་དང་རོགས་ཟླར་དམག་གྲུ་མཚོ་ཁོངས་དེར་གཏོང་རྒྱུའི་སྐུལ་སློང་བྱས་ཡོད་པས། ལྷོ་རྒྱ་མཚོར་ཟིང་ཆ་མི་ཡོང་བའི་སེམས་ཁྲལ་བྱེད་ཀྱི་ཡོད། “དེས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཕན་པ་མེད་ལ། ལྷོ་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་ཁབ་ཚང་མའི་ཁེ་ཕན་དང་ཡང་མཐུན་གྱི་མེད། ཨ་རི་ཕྱོགས་ལ་ཡང་སྙིང་མི་ལ་བཤད་མི་ཕོད་པའི་དམིགས་ཡུལ་གང་ཞིག་ཡོད་དམ་།  ཁོ་ཚོས་ངེས་པར་དུ་གསལ་བཤད་བྱེད་དགོས”ཞེས་བརྗོད་པ་རེད་།  
    དབང་ཝུན་པིན་གྱིས་ཨ་རི་ནི་ལྷོ་རྒྱ་མཚོའི་གནད་དོན་གྱི་དོ་བདག་རྒྱལ་ཁབ་མིན་པ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས》ཀྱི་ཆིངས་འཇོག་རྒྱལ་ཁབ་མིན་མོད། འོན་ཀྱང་ལྷོ་རྒྱ་མཚོའི་གནད་དོན་ཐད་ཡང་ཡང་སྐད་ཅོར་རྒྱག་གི་ཡོད་། དེས་ལྷོ་རྒྱ་མཚོའི་བདག་དབང་གི་གནད་དོན་ཐད་ལངས་ཕྱོགས་མི་འཛིན་པའི་ཁས་ལེན་དང་མངོན་སུམ་འཛེམ་མེད་ངང་རྒྱབ་འགལ་བྱས་ཡོད་པ་དེ་ནི་དོན་དངོས་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བར་བསམ་ངན་ཁོག་བཅུག་གིས་དཀྲུག་ཤིང་བརྒྱབ་ནས་ཀྲུང་གོར་བཀག་སྡོམ་བྱེད་པའི་བྱ་སྤྱོད་གསར་པ་ཞིག་བཟོ་རྩིས་བྱེད་པ་དེ་རེད་ཅེས་བརྗོད།
    “ང་ཚོས་ཕེང་ཕེ་ཨའོ་ལ་ལྷོ་རྒྱ་མཚོ་ནི་ཨ་རིའི་ཞ་ཝེ་དབྱི་མིན། གལ་ཏེ་ཨ་རིའི་སྲིད་ཚོང་པ་ཉུང་ཤས་ཀྱིས་ལྷོ་རྒྱ་མཚོ་ཉོག་པོ་བཟོས་བསམ་ན་ས་ཁུལ་རྒྱལ་ཁབ་དང་ཞི་བདེར་དགའ་བའི་མི་སྣ་ཚང་མས་ཁས་ལེན་བྱེད་མི་སྲིད”ཅེས་དབང་ཝུན་པིན་གྱིས་བརྗོད་པ་རེད།

  • ལེ་ཚན་སྔོན་མ།:སི་ཁྲོན་མའོ་རྫོང་ལ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་བྱུང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་བྱ་ཐབས་མང་པོ་མཉམ་སྤྱོད་བྱས་ནས་སྡོད་ཁང་ཉེན་མེད་འགན་ལེན་ལ་དམ་འཛིན་ཡག་པོ་བྱེད།
  • དོ་སྣང་ཆེ་བའི་རྩོམ།