ལྷད་མེད་ཀྱི་བརྩེ་སེམས།

དབྱངས་ཅན་སྒྲོལ་མ།        2020-07-27

     བདེ་ཐང་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན།བདེ་ཐང་དགོས་ན་བདེ་སྲུང་ལ་བརྩོན། ཞེས་པ་ལྟར་ལོ་འདིར་ང་ཚོའི་མཐའ་འཁོར་གྱི་ས་ཆ་མང་དག་ཅིག་ལ་ཏོག་དབྱིབས་གློ་ཚད་གསར་པའི་ནད་ཡམས་ཤིག་ཁྱབ་བཞིན་མཆིས།དེས་ན་ང་ཚོས་དུས་རྟག་ཏུ་བདེ་སྲུང་ལ་བརྩོན་རྒྱུ་ནི་ཨ་ཅང་བརྗོད་མེད་རེད།

     ལྟོས་དང་། གོས་དཀར་གྱིས་བཀླུབས་པའི་ལྷ་རྗེ་རྣམས་ཀྱིས་ང་ཚོའི་བདེ་ཐང་གི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་བ་དང་། རང་ཉིད་ཀྱི་བྱ་བ་ཐམས་ཅད་རྒྱབ་ཏུ་བསྐྱུར་ཏེ་ཐབས་ཤེས་ཡོད་རྒུས་ནད་ཡམས་དང་འཐབ་རྩོད་བྱེད་བཞིན་འདུག་ལ་དབུ་ཁྲིད་རྣམས་ཀྱིས་ངལ་བ་ལ་མ་འཛེམས་པར་འཐབ་ས་མདུན་མར་ཕེབས་ཏེ་མི་དམངས་མང་ཚོགས་ཚོར་ནད་ཡམས་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱེད་བཞིན་འདུག དེ་ཙམ་མ་ཟད་ང་ཚོའི་མཐའ་འཁོར་གྱི་བྱ་བྱིའུ་རྣམས་ཀྱིས་སྐད་སྙན་སྒྲོག་བཞིན་པ་ནི་ནད་ཡམས་ལས་སྔ་ཙམ་ཐར་བའི་སྨོན་ལམ་འདེབས་པ་དང་ཅི་འདྲའི་མཚུངས་ཨང་།

     ལུས་བདེ་སེམས་སྐྱིད་ནི་གནམ་འོག་སྐྱེ་བོ་ཚང་མའི་ཕུགས་འདུན་ཡིན་པས་དུས་རྟག་ཏུ་ལུས་པོར་བདག་གཅེས་བྱེད་དགོས་པ་ནི་ཚང་མས་ཤེས་གསལ་ལགས།

    ལག་པ་བཀྲུས་ནས་གཙང་སྦྲར་དོ་སྣང་བྱེད། མཁའ་རླུང་བརྗེས་ནས་དུག་སེལ་མང་ཙམ་བྱེད། གཟུགས་པོར་སྦྱོང་བརྡར་འཚོ་བཅུད་ལ་སྣང་ཆེན་བྱེད། རྔོན་ཤ་སྤངས་ནས་སྲོག་ཆགས་ལ་གཅེས་སྤྲས་བྱེད། དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། འདུ་འཛོམས་མ་བྱེད་པ་དང་ཕྱི་མི་དང་ཐུག་འཕྲད་ཉུང་ཙམ་བྱེད་ལ་སོགས་པའི་ས་ཁྱབ་རྡོ་ཁྱབ་ཀྱི་བདེ་སྲུང་ཤེས་བྱ་འདི་དག་དོན་སྙིང་ཤིན་ཏུ་ཆེ་བས་གཙིགས་སུ་འཛིན་དགོས་པ་ཞིག་རེད་ཨང་། ཀུན་སེམས་གཅིག་སྒྲིལ་གྱིས་ནད་ཡམས་སྔོན་འགོག་བྱེད་རྒྱུ་ནི་དོར་དུ་མེད་པའི་འགན་ཁྲི་ཡིན།

  • ལེ་ཚན་སྔོན་མ།:ང་ཡི་ཕ་ཡུལ།
  • ལེ་ཚན་རྗེས་མ།:དགེ་རྒན།