སྙན་ངག་ཚན་པ་གཉིས།

ཁེར་བུ།        2017-08-28

གནམ་སྔོན་པོར་སྐས་ཤིག་ཡོད།

གནམ་སྔོན་པོར་སྐས་ཤིག་ཡོད།

ཉིན་མོའི་དུས་སུ།

ཡར་འཛེགས་པར་ཕྱིན་ནས།

ཨ་སྔོན་དེ།

མེ་ལོང་བཞིན་

གྲལ་དག་གཙང་དག་ཅིག་ཏུ་ཕྱིས་ཆོག་ཅིང་།

དབྱར་ཚ་བ་ཆེ་དུས།

སྤྲིན་དཀར་གྱི་བླ་བྲེ་སྲབ་བུར་འཐེན་ཆོག

གནམ་སྔོན་པོར་སྐས་ཤིག་ཡོད།

མཚན་མོའི་དུས་སུ།

ཡར་འཛེགས་པར་ཕྱིན་ནས།

སྐར་ཚོགས་དག

གློག་སྒྲོན་བཞིན།

ཁྲ་ཆིལ་དགུ་ཆིལ་དུ་བཀལ་ཆོག་ཅིང་།

མཚན་མུན་པ་མཐུག་དུས།

ཟོར་དབྱིབས་ཀྱི་ཟླ་བ་སྒོར་སྒོར་དུ་བཅོས་ཆོག

བྱིས་པའི་མིག་དབང་སྤྱད་ནས་རྨོ་མོ་དྲན་པ།

ཉིན་དེའི་ཞོགས་པར།

ངེད་ཚང་དུ་མི་མང་པོ་ཞིག་ཐོན་སོང་།

སྡེ་མི་མང་པོ་མང་པོ་ཞིག་ཐོན་སོང་།

ཆ་མེད་ཀྱི་མི་མང་པོ་ཞིག་ཐོན་སོང་།

ང་ལ་སྣང་དོགས་བྱེད་མཁན་གཅིག་ཀྱང་མི་འདུག

ཉིན་དེའི་ཞོགས་པར།

མི་མང་པོ་ཞིག་ངུ་བཞིན་འདུག

ཨ་མ་ཡང་ངུ་བཞིན་འདུག

ང་ཡང་ངུས་པ་ཡིན།

ཉིན་དེའི་ཞོགས་པར།

མི་མང་པོ་ཞིག་ནང་དུ་འོང་གིན་འདུག

མི་མང་པོ་ཞིག་ཕྱི་རུ་འགྲོ་བཞིན་འདུག

ཁོ་ཚོའི་གདོང་ན་འཛུམ་མདངས་མི་འདུག

དེའི་ཚབ་ཏུ་གཟབ་ནན་དང་བྲེལ་འཚུབ་བརྐོས་འདུག

ཉིན་དེའི་ཞོགས་པར།

རྨོ་མོའི་ལུ་བའི་སྒྲ་ཐོས་རྒྱུ་མི་འདུག

རྨོ་མོ་ཞེས་ངུད་མོའི་ཚུལ་གྱིས་འབོད་ཚུལ་ལ་བལྟས་ན།

ཆ་མེད་ཀྱི་མི་འདི་དག་གིས།

ངའི་རྨོ་མོ་གང་དུ་འཁྱེར་ཡོད་ཚོད་རེད།

ངའི་རྨོ་མོ་ཕྱིར་འཁྱེར་ཤོག

ངའི་རྨོ་མོ་ཕྱིར་འཁྱེར་ཤོག

ཉིན་དེའི་ཞོགས་པར།

ང་ཡང་ཤུགས་ཀྱིས་ངུས་པ་ཡིན།།


  • ལེ་ཚན་སྔོན་མ།:མ་ཡུམ་ལགས། བདག་གི་བྱེད་པོ།
  • ལེ་ཚན་རྗེས་མ།:རླུང་བསིལ་མོ་དེ་ང་ཡིན།