ལྗོངས་ཞིང་ལྔའི་སློབ་མའི་ཕུལ་བྱུང་རྩོམ་ཡིག་དཔེ་སྐྲུན་བྱས།

    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།    2020-07-23

ལྗོངས་ཞིང་ལྔའི་སློབ་མའི་ཕུལ་བྱུང་རྩོམ་ཡིག་དཔེ་སྐྲུན་བྱས།

   ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་ལ《སེམས་ཀྱི་རང་སྒྲ》(སློབ་ཆུང)དང་།《ཕུགས་བསམ་གྱི་གཤོག་པ》(དམའ་འབྲིང)།《ལང་ཚོའི་འགྱུར་ཁུགས》(མཐོ་འབྲིང)བཅས་དེབ་གསུམ་ཡོད་དེ། གཅིག་ནས་ལྗོངས་ཞིང་ལྔའི་ཆུང་འབྲིང་སློབ་མའི་རྩོམ་འབྲིའི་ཆུ་ཚད་དང་ནུས་རྩལ་ལ་ཚད་འཇལ་དང་། གཉིས་ནས་སྐད་ཡིག་གི་ཕྱོགས་བསྡུས་བཀོལ་སྤྱོད་ནུས་པའི་མཐོར་འདེགས་ལ་སྐུལ་འདེད་བྱེད་ཆེད། ༢༠༡༨ལོར་ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་ལས་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རྩ་འཛུགས་འོག། ལྗོངས་ཞིང་ལྔའི་སྐབས་གཉིས་པའི་སློབ་གྲྭ་ཆུང་འབྲིང་གི་རྩོམ་ཡིག་འགྲན་སྡུར་སྤེལ་བ་དང་། ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ལ་ལྗོངས་ཞིང་ལྔའི་སློབ་གྲྭ་ཁག་ནས་ཁྱོན་རྩོམ་ཡིག༡༠༥༡འབྱོར་ཞིང་། བྱ་དགའ་ཐོབ་པའི་རྩོམ་ཡིག༢༨༧ཡོད་པ་དང་། དེ་དག་ལས་ཕུལ་བྱུང་རྩོམ་ཡིག་ཁག་ཅིག་བདམས་ཏེ་དེབ་གསུམ་དུ་དཔེ་སྐྲུན་ལེགས་གྲུབ་བྱུང་བ་ཡིན།
      དེབ་གསུམ་དུ་བདམས་པའི་རྩོམ་ཡིག་རྣམས་ནི། བརྗོད་བྱའི་ཆ་ནས། རང་དང་འབྲེལ་འདྲིས་ཟབ་པའི་དགེ་རྒན་དང་། ཕ་མ། ཕ་ཡུལ། གྲོགས་པོ། དཔེ་ཀློག སྲོག་ཆགས་ཀྱི་རིགས་སོགས་མཆིས་པ་དང་། རྗོད་བྱེད་ཀྱི་ཆ་ནས་ཚིག་སྦྱོར་བབ་ཆགས་པ་དང་། བརྡ་སྤྲོད་ཀྱི་སྦྱོར་ཚུལ་དང་མཐུན་པ། ཡུལ་སྐད་ཀྱི་ལྷད་ཉུང་བ་དང་། རྩོམ་ལུས་ཀྱི་ཆ་ནས་ཇི་བཞིན་བརྗོད་པ་དང་། གསལ་བཤད། དགག་སྒྲུབ་རྩོམ་ཡིག་ལས་གཞན། སྙན་ངག་དང་། སྒྲུང་གཏམ། ལྷུག་རྩོམ་བཅས་མཆིས་ཤིང་། མཚོན་ཐབས་ཀྱི་ཆ་ནས། ལྷུག་བརྗོད་དང་། ཞིབ་འབྲི། ཡིད་འགྱུར་མཚོན་པ། དཔྱད་བརྗོད། གསལ་བཤད་བཅས་གང་ལ་གང་འཚམ་གྱིས་བེད་སྤྱོད་བྱས་ཤིང་། རྩོམ་རེའི་མཇུག་ཏུ་གང་འཚམ་གྱི་དཔྱད་བརྗོད་རེ་བྲིས་ཡོད།
      ཐེངས་འདིའི་སློབ་གྲྭ་ཆུང་འབྲིང་གི་རྩོམ་ཡིག་གཅེས་བསྡུས་དཔེ་སྐྲུན་འགྲེམ་སྤེལ་བྱེད་དོན་ནི། གཅིག་ནས་སྐད་ཡིག་སློབ་གསོ་དང་སློབ་ཁྲིད་ཀྱི་ཕན་འབྲས་ལ་དཔྱད་འཇལ་བྱས་པ་དང་། གཉིས་ནས་རྩོམ་ཡིག་ལེགས་གྲས་རྣམས་ཀྱི་ལེགས་ཆ་ལེན་རྒྱུ་དང་། གསུམ་ནས་སྐད་ཡིག་བཀོལ་སྤྱོད་ཀྱི་སྤྲོ་སེམས་དང་འདུན་པ་ཡར་སྐུལ་བྱས་པ། བཞི་ནས་སློབ་མ་རྣམས་ལ་རྒྱུན་གཏན་གྱི་སྐད་ཡིག་སློབ་སྦྱོང་དང་ལག་ལེན་ཁྲོད་ཟུར་ལྟའི་དཔྱད་གཞི་མཁོ་འདོན་བྱས་པ་ཡིན་པས། རྒྱ་ཆེའི་སློབ་གྲོགས་རྣམས་ལ་ཕན་ཡོན་རྒྱ་ཆེན་པོ་འབྱུང་བར་སྨོན་པ་དང་བཅས།

  • ལེ་ཚན་སྔོན་མ།:མདང་དགོང་ནག་ཆུ་རུ་ས་འགུལ་བྱུང་འདུག
  • ལེ་ཚན་རྗེས་མ།:བོད་ཀྱི་ཆེས་ཐོག་མའི་དྲྭ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུའི་སྒོ་ཕྱེ།
  • དོ་སྣང་ཆེ་བའི་རྩོམ།