ཉིན་ཐོ་ལྟ་བུའི་སྒྲུང་ཐུང་།

ཧོར་ཚང་བསྟན་འཛིན་ཕུན་ཚོགས།        2020-07-21

      ནམ་རྒྱུན་གྱི་དགོང་ཚོགས་ལྟར་ང་ཚོའི་སློབ་ཁང་གྲུ་བཞི་ཧ་ཅང་ལྷིང་འཇགས་ཀྱིས་གནས། འཇམ་ཐིང་ཐིང་གི་ཁོར་ཡུག་ཆུང་ཆུང་འདི་ནི་ང་ཚོ་ལ་དབང་བའི་དཔེ་ཀློག་གི་གནས་མཆོག་ཡིན།དཔེ་ཆའི་ཤོག་ལྷེ་སློག་པའི་ཤག་སྒྲ། སྨྱུ་གུ་དང་ཤོག་བུ་འཕྲད་པའི་ཙིར་སྒྲ་ནི་ང་ཚོ་ཁོ་ནའི་རྣ་ལམ་དུ་སྙན་པའི་རོལ་དབྱངས་ཡིན། རིག་པ་སྣ་རྩེར་ཕབ་ནས་དཔེ་ཀློག་བྱེད་དུས་རང་ཉིད་ཁོ་ན་ཁང་ཆུང་གྲུ་བཞི་ཞིག་ཏུ་བསྡད་ཡོད་པའི་ཚོར་བ་ཞིག་སྟེར་འོང་། འཇམ་ཐིང་ངེ་། དྲོད་ལྷེམ་མེར། འདི་ནི་ང་ཚོའི་དཔེ་ཀློག་གི་གནས་མཆོག་ཡིན།

      འཇམ་ཐིང་ཐིང་གི་ཁོར་ཡུག་ཆུང་ངུའི་གྲུ་ཟུར་ཞིག་ནས་འཛིན་དཔོན་འཇམ་དཔལ་ཡར་ལངས་ཏེ་འཆད་སྟེགས་སུ་འབུད། སློབ་མ་ཚོས་ཁོང་གི་རྒྱབ་གཟུགས་རིད་པོ་ལ་ཕུར་ཚུགས་ཀྱིས་ལྟ་བཞིན་པའི་སྐབས། ཁོང་འཆད་སྟེགས་ལས་ཁ་ཕྱིར་འཁོར་ཏེ་ང་ཚོ་མི་རེ་རེའི་ངོ་གདོང་ལ་མིག་མྱུལ་ཞིག་བྱས་རྗེས། གདོང་ལ་འཛུམ་ཆུང་ཞིག་མངོན་གྱིན་དོ་ནུབ་ངས་སློབ་གྲོགས་ཚོ་ལ་གཏམ་བཤད་ཐུང་ངུ་ཞིག་བྱེད་ཟེར་གྱིན་གཏམ་བཤད་ཀྱི་འགོ་བརྩམས་སོང་།

      ངའི་ལག་ཏུ་རྒུན་འབྲུམ་གཉིས་ཡོད། རྒུན་འབྲུམ་གཅིག་ནི་གསར་བ་ཡིན། གཅིག་ཤོས་ནི་རུལ་བོ་ཡིན། འོན་ཀྱང་རྒུན་འབྲུམ་གཉིས་ཀ་ངེས་པར་དུ་བཟའ་དགོས། གལ་ཏེ་ཁྱེད་ཚོ་ལ་བཟའ་རུ་འཇུག་ན་ཐོག་མ་གང་བཟའ་འམ། ཅི་ལྟར་བཟའ་འམ། སློབ་གྲོགས་ཚོ་སྔར་ལྟར་འཇམ་ཐིང་ངེ་གནས་ཤིང་རང་རང་ས་ནས་བསམ་བློ་གཏོང་གིན་པའི་བཟོ་ལྟ་བསྟན་ནས་བསྡད་འདུག འདི་ལྟར་སྐར་ཆ་གཅིག་གཉིས་ཙམ་བསྡད་རྗེས། མེ་ཏོག་མཚོ་མོ་རྐུབ་སྟེགས་ལས་ཡར་ལངས་ཤིང་ཕྲག་མགོ་ལ་དཔྱངས་ཡོད་པའི་སྐྲ་ལོ་སོར་མོས་ལྟག་རྒྱབ་ཏུ་དེད་ཙམ་བྱས། དཀར་ལ་གསལ་བའི་གདོང་ལ་འཛུམ་ཆུང་ཞིག་མངོན་གྱིན་ངས་གཉིས་ཀ་མཉམ་གཅིག་ཏུ་བཟའ་ན་འདོད། དེ་ལྟར་ཟོས་ན་ཞིམ་མངར་ལྡན་པའི་རྒུན་འབྲུམ་གསར་བའི་བྲོ་བ་མྱོང་ཐུབ་མི་སྲིད་ཀྱང་། རྒུན་འབྲུམ་རུལ་བོ་ཟ་བའི་ཞེ་མེར་ཡང་ལངས་མི་དགོས། མེ་ཏོག་མཚོ་མོས་དུང་ལྟར་བའི་སོ་ཕྲེང་མངོན་ཙམ་བྱེད་ཀྱིན་དལ་དལ་ལྷོད་ལྷོད་ཀྱིས་རྐུབས་སྟེགས་སུ་བསྡད། སློབ་གྲོགས་མང་ཆེ་ཤོས་ཀྱིས་བློ་བབ་པའི་ཚུལ་གྱིས་མགོ་བོ་ལྡེམ་ཙམ་བྱེད་ཀྱིན་འདུག

     སློབ་ཁང་ནི་སྔར་ལྟར་འཇམ་ཐིང་ཐིང་དུ་གྱུར་སོང་། སློབ་གྲོགས་ཚོས་སླར་ཡང་འཛིན་དཔོན་གྱི་གདོང་ལ་ཕུར་ཚུགས་ཀྱིས་བལྟས། ཁོང་གིས་གློ་བ་ལུ་ཙམ་བྱས་ཏེ་སྐད་ངག་ཅུང་ཙམ་ཇེ་མཐོ་ཡིས་ད་བཟའ་སྟངས་གཞན་པ་ཅི་ཨེ་ཡོད་ཅེས་དྲིས་སོང་། སློབ་གྲོགས་ཚོ་སྔ་ལྟར་བསམ་བློ་གཏོང་པའི་བཟོ་ལྟ་རེ་སྟོན་གྱིན་བསྡད་འདུག

      ཚོགས་ཆུང་དང་པོའི་དཀྱིལ་ལ་བསྡད་ཡོད་པའི་ཟླ་བ་ཚེ་རིང་གིས་རྙིང་ཧྲལ་དུ་གྱུར་པའི་སྟོད་ལྭ་སྔོ་སྐྱ་དེར་དཀྲུག་དཀྲུག་ཁ་ཤས་བྱེད་ཀྱིན་ཡར་ལངས་སོང་། མ་གཞི་ཁོང་གི་སྟོད་ལྭ་འདིའི་རིགས་ནི་སྔོ་ནག་ཅིག་ཡིན་མོད། ལོ་ཟླ་མང་པོ་ཞིག་ལ་ལྭ་བ་འདི་ཁོ་ན་ལས་གྱོན་རྒྱུ་མེད་པས་ཚོས་མདོག་ལོག་རྐྱེན་སྔོ་སྐྱ་རུ་མཐོང་། ཁོང་གི་ཁྲ་ལ་ཆེ་བའི་མིག་ཟུང་ལས་སྙིང་སྟོབས་དང་སྤོབས་པའི་འོད་ཅིག་འཕྲོས་ཀྱིན་ངས་ཐོག་མ་རྒུན་འབྲུམ་རུལ་བོ་བཟའ་ན་འདོད། འཇིག་རྟེན་གྱི་གཏམ་དཔེ་ལ་དཀའ་མོའི་ལས་ཀ་མ་ལས་ན་ཞིམ་པོའི་ཟ་མ་རག་ལེ་མིན་ཟེར་མོད། ངས་རྒུན་འབྲུམ་རུལ་བོ་བཟོད་བསྲན་ངང་མགྱོགས་མྱུར་གྱིས་ཟོས་རྗེས། རྒུན་འབྲུམ་གསར་བའི་བྲོ་བ་ལ་དལ་དལ་ལྷོད་ལྷོད་ཀྱིས་མྱང་ངེས་ཡིན།

      ཚིག་རྔ་རྫོགས་པ་ཙམ་དུ་གངས་འཚོས་སྲིན་མཛུབ་ལ་གོན་ཡོད་པའི་གསེར་གྱི་སོར་གདུབ་ལ་རེག་ཙམ་བྱེད་ཀྱིན་ཁྱོད་ཀྱིས་རྒུན་འབྲུམ་རུལ་བོ་མ་གཏོགས་ཟོས་མྱོང་ངམ། ད་དུང་བཟོད་བསྲན་གྱིས་བཟའ་དགོས་དོན་ཅི་ཡོད། ཁྱོད་ལ་མཚོན་ན་རྒུན་འབྲུམ་རུལ་བོ་ཟ་རྒྱུ་ནི་བྲོ་བ་ཞིམ་པའི་ཟས་ཤིག་མ་ཡིན་ནམ། སློབ་གྲོགས་ཚོས་གངས་འཚོ་ལ་མིག་ཆེ་ཆེར་བགྲད་དེ་བལྟས་འདུག ཟླ་བ་ཚེ་རིང་ངོ་མདོག་དམར་ནག་ཏུ་གྱུར་ཏེ་ཅི་ཞིག་བཤད་དགོས་མ་ཤེས་པར་ལུས་པའི་སྐབས་དེར། ཁོང་གི་འདུག་གྲོགས་ཀྱིས་ཁོའི་སྟོད་ལྭའི་སྣེ་མོ་ནས་འཐེན་ཙམ་བྱས་པས་ཁོ་རང་ཡང་མགོ་བོ་ཅུང་ཙམ་དུད་པ་ལས་ཅིའང་བཤད་མ་སོང་།

     གངས་འཚོས་མུ་མཐུད་དུ་ངས་རྒུན་འབྲུམ་གསར་བ་སྔོན་དུ་བཟའ་ན་འདོད། ཞིམ་མངར་ལྡན་པའི་རྒུན་འབྲུམ་གསར་བའི་བྲོ་བ་ནི་ཧ་ཅང་ཞིམ་པོ་རེད། ཞིམ་མངར་ལྡན་པའི་རྒུན་འབྲུམ་གསར་བའི་བྲོ་བ་མྱོང་གིན། ངས་རྒུན་འབྲུམ་རུལ་བོ་ཁྱུར་མིད་བྱས་ཏེ་བཟའ་ཆོག སློབ་གྲོགས་སུ་ཞིག་གིས་བཤད་པ་མ་ཤེས་པར་དེ་ན་ཁྱོད་ཀྱི་སྣ་ལག་པས་འགེབས་ཀྱིན་བཟའ་དགོས་རྒྱུ་རེད་ལགས་ཟེར་སོང་།

      ད་ནི་ཁོང་གཉིས་ཀྱིས་རང་རང་གི་བསམ་ཚུལ་བཏོན་རྗེས་སློབ་གྲོགས་ཚོའང་རང་ཉིད་ཀྱི་ཉེ་འགྲམ་གྱི་སློབ་གྲོགས་ཚོ་དང་མཉམ་དུ་བསམ་ཚུལ་བརྗེ་རེ་བྱེད་ཀྱིན་འདུག་པས། སློབ་ཁང་གྲུ་བཞི་ལས་འུར་ཟིང་ཆུང་ངུ་ཞིག་ལངས། འདི་ལྟར་སྐར་མ་གཅིག་གཉིས་ཙམ་འགོར་རྗེས།

འཛིན་དཔོན་གྱིས་ཅོག་ཙེར་མཛུབ་མོས་ཐེངས་ཁ་ཤས་རྡུང་པས་སླར་ཡང་འཇམ་ཐིང་ངེར་གྱུར། དེ་རིང་ངས་རྒུན་འབྲུམ་བཟའ་སྟངས་བརྒྱུད་ནས་བྱ་བ་སྒྲུབ་ཐབས་གསུམ་ཅུང་ཙམ་གླེང་བསམ་སོང་། དང་པོ་ནི་སྐྱིད་སྡུག་གཉིས་ཀ་མཉམ་དུ་མྱོང་རྒྱུ་དེ་རེད། གཉིས་པ་ནི་དཀའ་སྡུག་སྔོན་དུ་མྱོང་སྟེ་སྐྱིད་པོ་རྗེས་སུ་མྱོང་རྒྱུ་དེ་རེད། གསུམ་པ་ནི་སྐྱིད་སྔོན་དུ་མྱོང་སྟེ་དཀའ་སྡུག་རྗེས་སུ་མྱོང་རྒྱུ་དེ་རེད། འོན་ཀྱང་སློབ་གྲོགས་ཚོས་རང་ཉིད་ཀྱི་བསམ་ཚུལ་འདོན་པའི་གོ་རིམ་ཁྲོད་ནས་ངས་བརྗོད་བྱ་འདི་ཉིད་མུ་མཐུད་དུ་གླེང་འདོད་མེད་པ་བྱས་སོང་ཞེས་གཟབ་ནན་གྱིས་བཤད་ཀྱིན་གོམ་པ་ལྗིད་ཏིག་ཏིག་ཁ་ཤས་རང་ཉིད་ཀྱི་འདུག་སྟེགས་ཀྱི་ཕྱོགས་སུ་སྤོས་སོང་།

   སློབ་ཁང་ནི་ཧ་ཅང་འུར་ཟིང་ཞིག་ཏུ་གྱུར་སོང་། སློབ་གྲོགས་ཚོས་གོ་རྒྱུ་ཡོད་པའི་སྐད་ཆ་སྣ་ཚོགས་བཤད་ནས་བསྡད་འདུག ད་ནི་དགོང་འཚོགས་གྲོལ་བའི་ཅོང་བརྡ་མགྱོགས་ཙམ་གྲག་འོང་དགོས་ཨང་། མི་མང་པོ་ཞིག་ལ་སུན་སྣང་འགོག་མེད་ཅིག་སྐྱེད་ཀྱིན་ཡོད་ངེས་རེད།


  • ལེ་ཚན་སྔོན་མ།:སྐྱི་གཡའ་བའི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:མ་ཕམ་གཡུ་མཚོའི་གཏམ་རྒྱུད།