ང་དང་སྙན་ངག་གི་བར་ཐག

དཔལ་ལྡན་ཕུན་ཚོགས།        2020-07-17

ང་རང་ས་མཐར་ལྷུང་ནས་ཡུན་རིང་བོར་འགོར་ཟིན་ཞིང་ཆེས་ཕལ་བའི་འཚོ་བ་དང་བསམ་བློའི་ལང་ཕྱོགས་བཟུང་ནས་ཡུན་རིང་འགོར་སོང་། ང་དང་ལོ་མཉམ་དག་མཚན་སྙན་གྱིས་ནམ་མཁའ་སྒུལ་བ་ཆགས་སོང་ལ། ལུས་ཀྱི་སུག་བཞི་དང་ཡིད་ཀྱི་ལྕི་ཚད་ཀྱིས་ལྕོགས་དཀའ་བའི་མིང་བྱང་བརྗིད་པོ་རེར་ཡང་བླངས་འདུག དེ་ནས་རིམ་གྱིས་སྔོན་ཆད་ཇི་ལྟར་འདྲིས་ཤིང་འགྲོགས་བདེ་ཡིན་ཡང་ད་ནས་བཟུང་བར་ཐག་ཅིག་ཆད་བཞིན་པ་ཟུར་དང་གཞོག་ནས་ཤེས་ཡོང་། མ་ཟད་ངའི་སེམས་ཀླད་དུ་བཅས་པའི་ནམ་མཁའ་འདིའི་ནང་དུ་ཐ་སྙད་ཁ་ཤས་ལས་ང་རང་ལ་སྙིང་ཉེ་ཉེ་བྱེད་མཁས་པ་དང་བྱེད་མཁན་ཞིག་རྩ་བ་ནས་རྙེད་དཀའ་བའི་ཚོད་དུ་གྱར། མ་ཟད་སྤྱི་ཚོགས་འདིའི་ཕྱི་ནང་དང་འདས་མ་ད་གསུམ་གྱི་ར་བའི་ནང་དུ་ང་རང་ཞེ་ཆགས་ས་ཡག་པོ་ཞིག་གཞི་ནས་རྙེད་མ་སོང་ལ། དབུགས་ལྒང་ནང་དུ་ལྷུང་བའི་རླངས་གཟུགས་ཀྱི་འཚོ་བ་འདིར་མིག་གིས་ཟུར་ལྟ་ཙམ་ཡང་བྱ་ན་མ་འདོད། དེ་ལས་ལྡོག་སྟེ་ལུས་སེམས་ཐམས་ཅད་ལྷོད་ལ་གཏོང་ཐུབ་པའི་དྭངས་གཙང་གི་འཚོ་བ་ཞིག་ལ་སེམས་རྩ་དྲངས་ནས་མི་ཚེའི་རིན་ཐང་ཟེར་བའི་ཕུ་ཤུགས་བཙན་པོ་དེ་ངའི་དྲན་པ་དབུགས་དབྱུང་གི་མིང་ཚིག་ལས་ཡོངས་སུ་གསུབ་པར་འདོད། དེ་ནི་ལྷན་སྐྱེས་ཀྱི་རྩ་བ་མ་ཉམས་པའི་མི་ཞིག་གི་ཆེས་གཞི་རྩ་ཞིག་རེད། རྒྱུ་མཚན་གནས་ལུགས་དང་གཏན་ཚིགས་ཆོས་ཉིད་གང་མང་ཞིག་གི་སྔས་ནས་མི་ཚང་མའི་ཕྱི་ཚུལ་གྱི་ཤུན་པ་མང་པོ་གློ་བུར་བོར་འགྲོ་ལ་སེམས་ཀྱི་གཏིང་དུ་བཞེངས་པའི་ངར་ཤུགས་མང་པོ་ཞིག་པར་འགྱུར་འགྲོ། དེ་དག་ཆ་ཚང་དོར་རྗེས་ཀྱི་ཤུལ་ལུས་ཉམས་ཆུང་གི་སྣང་བརྙན་འདི་ད་གཟོད་དོན་དམ་པའི་མིའི་བདག་ཅེས་པ་ངོ་མ་དེ་རེད། དེ་བས་ང་ཚོས་ལུས་ངག་གི་ཕྱི་ནང་དུ་བསྒྲིགས་པའི་ཁྲབ་རྨོག་གང་མང་ཞིག་གིས་ང་ཚོའི་འཚོ་བ་ལ་ལྕགས་ཀྱི་ཤུན་ལྤགས་མཐུག་པོ་ཞིག་བཟོས་ཡོད། ཁྱོད་རང་དོན་དམ་པའི་མི་དང་མི་ཆོས་ཀྱི་རིང་ལུགས་འཛིན་པ་ཞིག་ཡིན་ཕྱིན་རང་ཉིད་དངོས་མ་ཞིག་འཆར་ནུས་པའི་མེ་ལོང་ངོས་སུ་འཚོ་བ་ཞིག་བསྐྱར་བསྐྲུན་བྱེད་དགོས་པ་རེད་ལ། ང་ཚོའི་རིག་གཞུང་ཁག་ལ་བཤད་པའི་རང་ངོ་ཟིན་ཞེས་པ་ཡང་དེའི་སྐད་ཆ་སྒྲིག་གཞི་འདི་ལས་འདའ་མི་ནུས། ཡིན་ན་ཡང་ཁྱོད་རང་དོན་དམ་པའི་ཁྱོད་རང་བྱ་འདོད་ན་རིག་གཞུང་མང་དག་ཅིག་གི་སྦྲུམ་སྣོད་ལས་ཕྱི་རོལ་དུ་ཐར་དགོས་པ་དང་། རྨོངས་དད་ཀྱི་རྒྱ་གཏོར་ཏེ་གསར་གཏོད་ཀྱི་སྙིང་སྟོབས་བླ་ན་འཕགས་དགོས། ད་གཟོད་ཁྱོད་ཀྱིས་དོན་དམ་པའི་ཁྱོད་རང་རྙེད་སྲིད་ལ། རང་ངོ་ཤེས་པའི་བཙན་ས་ཟིན་པར་འདོད། དེ་ནི་ཕལ་བའི་འཚོ་བ་དང་ཕལ་བའི་མི་ཚེའི་ཉམས་ལེན་ཡང་དག་པ་ཞིག་རེད། ཡང་ན་ང་རང་ལ་མཚོན་ན་རྩོམ་རིག་གི་བཙན་ས་ཟིན་ཞེས་པ་ཡང་དེ་ལ་ངོས་བཟུང་ཡོད། དེ་ལྟར་རྩོམ་རིག་གི་བཙན་ས་ཟིན་པའི་རེ་འདུན་ལྷོད་མ་རྒོད་ཀྱིས་བསྐུལ་བའི་ང་རང་མི་ཕལ་བའམ་ལྷན་སྐྱེས་མིའི་ཚུགས་ཀ་བཟུང་ནས་ངས་ཕལ་བའི་ལེའུ་ཞེས་པའི་སྙན་རྩོམ་འདི་བྲིས་པ་ཡིན།

མ་གཞི་ནས་ང་དང་སྙན་ངག་བར་དུ་ཆེས་སྤྱིར་བཏང་གི་འབྲེལ་བ་ཞིག་ལས་མེད་ལ། ངས་རང་ཉིད་ལ་རྣམ་འགྱུར་ཇི་ལྟར་བཟུང་བ་ཇི་བཞིན་ངས་སྙན་ངག་ལ་དེ་ལྟར་རྣམ་འགྱུར་ཞིག་བཟུང་བ་ཡིན། མ་ཟད་སྙན་ངག་ནི་ངའི་བརྩམས་ཆོས་ཙམ་མ་ཡིན་པར་ངའི་ཤ་རུས་རྐང་གསུམ་གཞུ་ལུགས་བྱས་ཤིང་ལང་ཚོ་དང་འཚོ་བའི་ཡོད་ཚད་ཆུ་ལ་ཆུ་ཞག་འདྲེས་པ་ལྟར་གྱུར་པའི་འཚོ་བ་དངོས་མ་ཞིག་ཡིན་པར་འདོད། དེ་བས་སྙན་ངག་འབྲི་བ་དང་རྩོམ་འབྲི་བ་ནི་ང་རང་ཆེས་ཕལ་བའི་མིའི་གོ་སར་བསྡད་ནས་རང་ཉིད་ངོ་ཟིན་པའི་འཚོ་བ་དག་མ་ཞིག་རོལ་བ་དེ་རེད། ཡང་ན་ཁེར་རྐྱང་གི་སུག་གཉིས་ས་ལ་བཙུགས་པ་ནས་ངས་ས་ཆེན་པོའི་ཁེར་རྐྱང་གི་གདུང་བ་ལ་ཉན་ཞོར་དྲན་ཆོག་པ་ནི་རྒྱང་རིང་གི་སྙིང་ཉེ་མའི་སྟངས་སྟབས་ཤིག་རེད། ངས་སྙན་ངག་འབྲི་སྐབས་གཞུང་ལུགས་གང་མང་ཞིག་གཏན་ཚིགས་བསྐྱུར་ངེས་པ་དང་རང་གི་ཉམས་ལེན་མི་ཐུབ་ཅིང་རང་གི་མི་གཤིས་ལ་མི་འཕྲོད་པའི་བརྗོད་བྱ་མང་དག་གཡུགས་བཞག དེ་མཚུངས་ཚོར་བ་དྲག་པོའི་གྲམ་ཐང་དང་ཡིད་བརྙན་གསོན་པོའི་དཔྱིད་ཆར་ཉམས་ལེན་ཟབ་མོའི་མཛེས་མ་གསུམ་དུས་ཚོད་ཀྱིས་བཞུ་སྦྱོང་ལ་བརྟེན་ཏེ་རང་གི་སེམས་གཤིས་སུ་གྱུར་རྗེས་སྙན་ངག་གི་གཟུགས་ལ་ཕབ་ཀྱི་ཡོད། མི་གང་མང་ཞིག་གིས་ངའི་སྙན་ངག་ལ་གོ་རྒྱུ་མི་འདུག་ཟེར་མཁན་དང་མ་གཞི་ནས་སྙན་ངག་ཚིག་གི་རོལ་རྩེད་ཙམ་རེད་ཟེར་མཁན་ལྷག་པར་མང་ན་ཡང་། ངས་ཁུ་སིམ་མེར་སྣང་བའི་ཚུགས་ཀ་ཞིག་བཟུང་ནས་ཞིབ་ཀྱིས་གཟིགས་དང་གོ་ངེས་ཞེས་ལྡོག་ལན་ཞིག་རྒྱུན་པར་གཏོང་གི་ཡོད། དེ་ནི་ངས་སྙན་ངག་གོ་རྒྱུ་མེད་པ་རྩ་ནས་མིན་པར་ངའི་སེམས་ནང་གི་འཇིག་རྟེན་དང་རྡུལ་ཕྲ་རབ་ལྟ་བུའི་ངའི་སྒྱུ་མ་འཕྲུལ་གྱི་རྟོག་ཁམས་ལ་དེ་ཙམ་རྒྱུས་མངའ་མེད་པས་ཡིན་པར་འདོད་ཡོད། དེ་ནི་ངའི་ང་རྒྱལ་གྱི་སྐད་ཆ་ཞིག་རྩ་ནས་མིན། ངའི་སྙན་ངག་འགའ་རེར་གོ་མེད་ཚོར་མེད་དུ་གྱུར་ཡོད་ངེས། དེ་ནི་སྤྱིར་སྙན་ངག་བྱང་ནས་ཚད་ངེས་ཅན་ཞིག་ལ་བསླེབས་ཡོད་མཁན་ཞིག་ཡིན་ན་ཡང་རྩ་ནས་མི་སྲིད་པ་ཞིག་མ་རེད་ལ། ང་ནི་དེ་ལས་ཀྱང་ལས་དང་པོ་བ་དང་སྙན་ངག་གི་རྟོག་པ་མཐོན་པོ་ཅན་མིན་པས་དེ་ལྟའི་གནས་སུ་ལྷུང་བ་གནས་ལུགས་ཤིག་ཅི་ལ་མིན་ཏེ་ཡིན་ངེས། དེ་བས་ཁོ་བོའི་སྙན་ངག་ལ་གློ་བ་དཀར་བའི་གྲོགས་པོ་དང་རྩོམ་གྲོགས་ཁྲོད་ན་གཟུར་གནས་ཀྱི་ཤེས་རབ་ཀྱིས་བསམ་འཆར་སྣ་ཚོགས་འདོན་མཁན་འགའ་རེ་མོད་པས་ངས་དེ་དག་ལ་གུས་བཀུར་བླ་ལྷག་བྱེད་ཀྱིན་ཡོད། མ་ཟད་དེ་དག་གིས་བསམ་ཚུལ་བརྒྱུད་དེ་ངའི་སྙན་ངག་གི་ནམ་མཁའ་ཇེ་ཡངས་སུ་གཏོང་ནུས་ཤིང་། ཕལ་བའི་འཚོ་བ་ལ་ཕལ་བའི་མི་ཡིས་རྟོག་དཔྱོད་བྱེད་པར་རིན་ཐང་བླ་མེད་མཆིས།

སྙན་ངག་ནི་ཚིག་གི་རོལ་རྩེད་མ་ཡིན་པར་ནང་སེམས་ཀྱི་ཉམས་ལེན་ལས་ཆུ་མིག་བཞིན་བརྡོལ་བའི་འཇིག་རྟེན་གྱི་བསམ་བློ་རྣམ་དག་གིས་སྙིང་རྩ་གྲུབ་ཅིང་། རྩོམ་པ་པོའི་ལང་ཚོ་དང་ཤ་རུས་རྐང་གསུམ་སེམས་ཀྱི་རྒྱལ་ཁབ་བཅས་གཞུ་ལུགས་བྱས་པའི་ནམ་མཁའ་འམ་འཇིག་རྟེན་གཞན་ཞིག་རེད། དེ་ལས་ལྡོག་སྟེ་ཚིག་ཙམ་གྱིས་སྙན་ངག་འཁྱོངས་པ་མིན་ལ་དོན་དག་གཅིག་པུས་ཀྱང་སྙན་ངག་འཁྱོངས་པ་མིན། སྙན་ངག་འཁྱོངས་ཞེས་པ་ནི་ཡུལ་འདི་དག་ལ་ཕྱོགས་ཡོངས་ནས་ནན་ཏིག་གིས་བྱང་ཆ་འགྲོ་དགོས་པར་མ་ཟད། གོང་ནས་བཤད་པ་ལྟར་གཏན་ཚིགས་དང་གཞུང་ལུགས་ཀྱི་བསླབ་སྡོམ་ལས་ཕྱི་རོལ་དུ་གྱུར་ནས་སྒྱུ་རྩལ་གྱི་རྟོག་པ་ཚད་ངེས་ཅན་ཞིག་ལ་བསླེབས་དགོས། སྔོན་སྤྱི་ལོ་སྔོན་གྱི་དུས་རབས་ནས་མགོ་བཟུང་སྟེ་མཚན་ཉིད་རིག་པའི་ལྟ་གྲུབ་ཏུ་ཚོར་བ་གཙོ་བོར་སྨྲ་བ་དང་རྗེས་དཔག་གཙོ་བོར་སྨྲ་བ་གཉིས་གྲུབ་ཟིན་པ་དང་། མུ་ནས་ལྟ་བ་མི་མཐུན་པ་འདི་གཉིས་བར་དུ་འགལ་རྩོད་སྣ་ཚོགས་བྱུང་བ་ལྟར་མ་གཞི་ནས་སྙན་ངག་དང་གཞུང་ལུགས་གཉིས་གཞི་རྩའི་ཆ་ནས་འགལ་བ་རྣམ་དག་ཅིག་རེད། དེ་བས་ངས་སྔོན་འབོལ་རྩོམ་ཐུང་ཐུང་ཞིག་ལ་ངའི་སྐད་ཆ་ལ་འགན་འཁྲི་ཡོད་ཀྱང་ངའི་ཚོར་བ་འགན་འཁྲི་མེད་ཅེས་བྲིས་པ་ཡིན། ངའི་སྐད་ཆ་རེ་རེ་རང་གི་ཉམས་མྱོང་དང་གཅིག་དཔེ་ཆ་ཀློག་པའི་ཤེས་བྱ་བསམ་བློས་དཔྱད་པའི་ཤེས་རབ་སོགས་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཚང་རྗེས་ད་གཟོད་ངའི་སྐད་ཆ་གྲུབ་པ་ཡིན་ལ། ངའི་སྙན་ངག་ནི་ལན་ཆགས་བཞིན་རྒྱུད་ལ་བག་ཞ་བའི་ཚུལ་དུ་ཡོད་པའི་བག་ཆགས་མངོན་དུ་གྱུར་བ་དང་། སེམས་དང་བསམ་པའི་རིན་ཐང་ལྟ་བ་དང་དེའི་རྒྱབ་ཤའི་རིག་གཞུང་གི་སྒྲིག་གཞི། མཚོ་ཆེན་མོ་ཞིག་གི་སྟེང་དུ་ཤིང་དུམ་ཞིག་གི་སྟེང་དུ་བསྡད་ནས་ཕྱོགས་ངེས་མེད་དུ་རྦ་རླབས་ཀྱིས་ཁྱེར་ཅིང་། སུ་དང་གང་གིས་ཀྱང་ངའི་ཚེ་སྲོག་ལ་དོ་ཁུར་དང་དཔུང་རོགས་བྱེད་མི་ཐུབ་པའི་ཡུལ་ལྗོངས་འོག་ང་རང་ཧ་ཅང་ཕལ་བ་དང་དྭངས་གཙང་གིས་སེམས་ཚོར་དམར་རྗེན་མ་དྲག་ཏུ་འཕྱུར་བའི་དུས་ཚིགས་ཀྱི་ཚོར་ཐོ་དམར་པོ་ཞིག་ལ་སྙན་ངག་ཅེས་པའི་ཆོ་ལོ་བསྩལ་ཡོད། འདི་ནི་སྙན་ངག་གི་མཚན་ཉིད་མ་ཡིན་པར་ངས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་ཁོ་ན་ཙམ་ལས་མ་འདས། མ་ཟད་ངས་མི་ཚེ་འདིར་སྙན་ངག་ལ་མཚན་ཉིད་ཅིག་འཇོག་ཐུབ་མིན་ལ་ཚོད་དཔག་ཙམ་ཡང་བྱེད་མི་འདོད་པར་མི་ཚེ་འདིའི་ཕྱི་ནང་ཡོད་ཚད་སྒྱུ་རྩལ་གྱི་སྐྱིལ་བུར་སྦྲུམ་པར་རེ་བ་ལྷག་མ་ཞིག་བཟུང་འདོད་པ་དེ་ཡིན།

སྤྱིར་ན་སྙན་ངག་ནི་གོང་སྐད་ལྟར་མཚན་ཉིད་དང་སྒྲིག་གཞི་ཅི་ཡང་མེད་པའི་ལྷན་སྐྱེས་ཀྱི་སྒྱུ་རྩལ་བྲོ་མཁས་པའི་བུད་མེད་དང་དེའི་གློ་བུར་བའི་སེམས་ཁམས་ཤིག་དང་ཧ་ཅང་འདྲ་ཞིང་། ཆེས་སྤྱིར་བཏང་བའི་འཚོ་བའི་ཁྲོད་ནས་ཁྱོད་ཀྱི་མཛེས་པ་རྙེད་ཐུབ། ཐོབ་དང་གོ་ས་སྙན་གྲགས་བཅས་ཀྱིས་སྙན་ངག་གི་རྩ་བ་རུལ་དུ་འཇུག་ངེས་ཤིང་། སྒྱུ་རྩལ་གྱི་རྟོག་པ་འབར་བའི་གཞོན་ནུའི་གཤིས་ཀ་གཏོར་ངེས་རེད། དེ་བས་ཁྱོད་རང་སྙན་ངག་ལ་དོན་དམ་པར་དགའ་མཁན་ཞིག་ཡིན་ཕྱིན་བློས་གཏོང་གྱ་ནོམ་པ་ཞིག་སྔོན་དུ་བཏང་སྟེ་མི་གཤིས་ལྷན་སྐྱེས་ཀྱི་རིག་གནས་ལས་དྭངས་གཙང་གི་ཆ་དེ་མངོན་འདོན་བྱེད་དགོས་པར་སྣང་། སྤྱི་ཚོགས་ཀྱི་རྒྱ་ར་ག་གེ་མོའི་ཕྱི་རོལ་ནས་ནང་གི་འཁུན་སེམས་དང་སྐྱོ་བ་རང་ཐོག་ཏུ་ལེན་ནུས་པའི་ཁྱད་ཆོས་འཛོམས་དགོས་པ་འདྲ། འདི་ནི་ང་དང་སྙན་ངག་འབྲེལ་བ་ཡིན་ལ། འདི་ནི་ང་དང་མི་ཚེའི་འབྲེལ་བ་ཡིན།

  • ལེ་ཚན་སྔོན་མ།:འགྲོ་ཁ་མའི་ཕྱིར་མིག
  • ལེ་ཚན་རྗེས་མ།:སྙིང་གཏམ་སྙིང་གི་རླབས་ཕྲེང་།