སྤྲོ་གླུ་སྙན་མོ་བླངས་ནས་ལྷིང་འཇགས་ཀྱི་ཡུལ་ལུང་དཀྲོགས།

ཀུན་དགས་བསྒྱུར།        2020-07-15

རང་ཁུལ་གྱིས་རྒྱལ་ཡོངས་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་དངོས་བྲིས།

སྤྲོ་གླུ་སྙན་མོ་བླངས་ནས་ལྷིང་འཇགས་ཀྱི་ཡུལ་ལུང་དཀྲོགས།

དཔལ་ཡུལ་རྫོང་གིས་དངུལ་ཆུའི་ཆུ་རགས་བརྟན་དུ་བཏང་བའི་རྣམ་པ།

     སྔོན་ཆད། ལོ་ལྟར་ཆར་ཆུ་རྒྱས་པའི་དུས་ལ་སླེབས་པ་ན། འདི་ནའི་ཆུ་བོ་རྙོག་བས་མ་ཚད་ཆུ་ངོགས་ཆུས་དད་པའི་གནས་ཚུལ་བྱུང་མྱངས། ས་ཆུ་བཅོས་སྐྱོང་བྱས་པ་ནས་བཟུང་འདི་ནའི་གཙང་པོ་མཚེའུ་རུ་བསྒྱུར་པ་དང་ཆུ་ངོགས་མེ་ཏོག་བཏབ་ནས་སྤྲོ་གསེང་བར་ཁྱམས་ཞིག་ཏུ་གྱུར་ཡོད་ཅིང་། ཡུལ་སྐོར་བ་མང་པོ་ཞིག་གིས་འདི་ནའི་མཛེས་ལྗོངས་ཡག་པོ་འདུག་ཅེས་བསྟོད་པའི་མཐེ་བོང་ཀེར་ཀེར་བསྒྲེངས། དབྱར་དུས་ཀྱི་མཐོ་སྒང་གི་གནམ་གཤིས་ཧ་ཅང་ལེགས། ཉིན་རེའི་ས་སྲོད་ཙམ་ལ། ཆུང་ཨ་མའི་དུས་ནས་འདབ་པ་ས་ཆར་ནས་འཚར་ལོངས་བྱུང་བའི་རྡོ་རྗེ་གཙང་འགྲམ་གྱི་རྐང་ཐང་ལམ་ཕྲང་དུ་འཆམ་འཆམ་ལ་འགྲོ་བཞིན་ཡོད། མིག་མདུན་གྱི་མཛེས་ལྗོངས་ལ་རྒྱང་ལྟ་བྱེད་སྐབས། ཁོའི་སེམས་ནང་དུ་རྫོང་འདིས་གཙང་པོ་མཚེའུ་རུ་བསྒྱུར་བའི་ལས་གྲྭའི་ཕན་འབྲས་ཡག་པོ་འདུག་བསམ་པ་རེད།

    རང་ཁུལ་ནི་འབྲི་ཆུ་དང་རྨ་ཆུའི་ཆུ་མགོའི་ས་ཁུལ་དུ་གནས་པས་སྐྱེ་ཁམས་ཀྱི་གནས་ཐང་ཧ་ཅང་ལས་ཀྱང་གལ་ཆེན་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་སྤྱི་འདོམས་སུ་བྱས་ཏེ“ཆུ་བེད་ལས་གྲྭའི་ཞན་ཆ་གསབ་པ་དང་ཆུ་བེད་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ཞབས་ཞུ་ཡག་པོ་བྱེད་པའི”སྤྱི་ཡོངས་ཀྱི་ནང་དོན་སྙིང་པོ་ལྟར། གཅིག་བསྡུས་བཅོས་སྐྱོང་དང་རྒྱུན་རྣམ་འགོག་སྲུང། ཚན་རིག་ལྟར་གསར་སྤེལ་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ་རི་ཐོག་ལ་ཤིང་འཛུགས་པ་དང་ལམ་འགྲམ་ལ་མེ་ཏོག་འདེབས་པ། གཙང་པོ་མཚེའུ་རུ་བསྒྱུར་བ་བཅས་ཀྱི་ལས་གྲྭ་དང་ཟུང་འབྲེལ་བྱས་ཏེ་ས་ཆུ་སྲུང་བའི་ལས་དོན་སྤེལ་ནས་དབུལ་ཐར་འགག་སྒྲོལ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར། ཐོན་ལས་འཕེལ་རྒྱས། གྲོང་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཏེ་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱས་པ་རེད།

    གཅིག་བསྡུས་བཅོས་སྐྱོང་བྱས་ཏེ་ཉམས་གསོ་ བྱུང་བའི་རྣམ་པ་གསར་པ་མངོན།

    སྤྱི་ཟླ་བདུན་པའི་མཐོ་སྒང་ས་ཆའི་གནམ་གཤིས་འོས་ཤིང་འཚམ་ལ་ཡུལ་ལྗོངས་ལྟ་ན་སྡུག དཀར་མཛེས་རྫོང་ཉག་ཆུའི་གླིང་གའི་ཞིང་ཆེན་རིམ་པའི་འདམ་ར་གླིང་གའི་མཛེས་ལྗོངས་ལྟ་ན་སྡུག་པས་མི་མང་པོའི་མིག་དབང་འཕྲོག་ལ་ཡིད་དབང་འགུག འདམ་ར་གླིང་ག་དེ་དཀར་མཛེས་རྫོང་གེ་སར་རིག་གནས་མཁར་གྲོང་དང་གྲོང་སྡེ་བརྒྱའི་ཐོན་ལས་རྟེན་གཞི་དང་གཞི་གཅིག་ཏུ་འདྲེས་ཡོད་ཅིང་།མཛེས་སྡུག་ལྡན་པའི་རི་ཆུའི་རི་མོ་ཞིག་དང་ཀུན་ནས་མཚུངས། ལོ་འགའི་གོང་དུ་ཉག་ཆུའི་གླིང་ག་ཞིང་ཆེན་རིམ་པའི་འདམ་ར་གླིང་ག་ནི་ས་གནས་དེ་གའི་མི་རྣམས་བློ་ཕམ་སྐྱེ་འོས་པ་ཞིག་ཡིན། དཀར་མཛེས་རྫོང་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི་སྔོན་ཆད་བྱེ་རྡོ་བཟོ་གྲྭ་ཞིག་ཡིན་ཏེ་སྔོག་འདོན་ཚད་ལས་བརྒལ་བའི་རྐྱེན་གྱིས་དབྱར་ཆར་ཆུ་རྒྱས་དུས་ཆུ་ལོག་དང་འདམ་རྡོ་ཆུ་རུད་སོགས་མངོན་མེད་རྐྱེན་ངན་བྱུང་བ་རེད། 2017ལོ་ནས་བཟུང་དཀར་མཛེས་རྫོང་གིས་ས་ཁོངས་དེར་ཉག་ཆུའི་འདམ་རའི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པ།འབྲུག་མོའི་གནས་མཆོག་མཚེའུ་བཅས་བསྐྲུན་ནས་དེ་སྔའི་བཙོག་ཟིང་ཞན་གསུམ་གྱི་བྱེ་རྡོ་ར་བ་དེ་རི་ཆུ་མཛེས་པའི་སྤྲོ་གསེང་ཡུལ་སྐོར་གླིང་ག་རུ་གྱུར་ཡོད། ཉག་ཆུའི་གླིང་ག་ཞིང་ཆེན་རིམ་པའི་འདམ་ར་གླིང་གའི་ངོ་བོ་འགྱུར་བ་ནི་རང་ཁུལ་གྱིས་ས་ཆུ་ཤོར་བའི་གནད་དོན་བཅོས་སྐྱོང་ཤུགས་ཆེན་བྱས་པའི་དཔེ་མཚོན་ལྟ་བུ་ཞིག་ཡིན་ལ་རང་ཁུལ་དུ་ད་དུང་འདི་འདྲའི་ལེགས་འགྲུབ་བྱུང་བའི་དཔེ་མཚོན་ཧ་ཅང་མང་པོ་ཡོད་པ་རེད།

      རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག18ཀྱི་ནང་ནས་རྫོང་ཁག15ནི་རྒྱལ་ཁབ་རིམ་པའི་ས་ཆུ་ཤོར་ཚུལ་སྔོན་འགོག་བྱེད་ཁུལ་གཙོ་བོ་ཡིན་ཞིང་། སི་ཁྲོན་ཞིང་ཆེན་གྱི2018ལོའི་ས་ཆུ་ཤོར་ཚུལ་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ལ་གཞིགས་ན། རང་ཁུལ་གྱི་ས་ཆུ་ཤོར་བའི་སྤྱིའི་རྒྱ་ཁྱོན་ཁྲི5.4km2ལ་ཟིན་པ་དེས་ས་ཆའི་རྒྱ་ཁྱོན་བསྡོམས་འབོར་གྱི་བརྒྱ་ཆ35.38བཟུང་ཡོད་པ་རེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ས་ཆུ་སྲུང་འཛིན་ལས་དོན་ལ་མཐོང་ཆེན་བླ་ན་མེད་པར་བྱས་ཏེ་ས་ཆུ་ཤོར་བའི་གཙོ་གནད་ཆེ་བའི་སྣང་ཚུལ་གཅིག་སྡུད་ཀྱིས་བཅོས་སྐྱོང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་དང་། མངོན་མེད་རྐྱེན་ངན་འབྱུང་གཞི་གཅིག་བསྡུས་བཅོས་སྐྱོང་། ཆུ་རགས་འཛུགས་སྐྲུན། ཆུ་ལམ་གཤོང་བ། ཆུ་བོ་མཚེའུ(འདམ་ར)གཙང་སེལ། ཤིང་འཛུགས་ཆུ་སྲུང་། རི་ཞིང་སྐས་ཞིང་དུ་བསྒྱུར་བ་སོགས་ཀྱི་ལས་ཀ་ལག་བསྟར་ཤུགས་ཆེན་བྱས་ཡོད།

     ཁུལ་ཆུ་བེད་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མཚོན་དོན། 2019ལོར་རང་ཁུལ་གྱི་ས་ཆུ་ཤོར་ཚད་སྤྱི་ལེ་གྲུ་བཞི་མ964.48གཅིག་བསྡུས་བཅོས་སྐྱོང་བྱས་ནས་དམིགས་ཡུལ་ལས་འགན་གྱི་བརྒྱ་ཆ102.4ལེགས་འགྲུབ་བྱུང་ཡོད། དེའི་ནང་ཆུ་བེད་ལས་རིགས་ཀྱིས་རོང་བྲག་དང་སྡེ་དགེ་སོགས་འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི10ལག་བསྟར་བྱས་པ་བརྒྱུད་མ་དངུལ་སྒོར་ཁྲི4248.98བཏང་ནས་ས་ཆུ་ཤོར་ཁྱོན་སྤྱི་ལེ་གྲུ་བཞི་མ100.66བཅོས་སྐྱོང་བྱས་ཡོད། ཁུལ་ཡོངས་ཀྱི་ནགས་རྩྭ་དང་ཞིང་འབྲོག རང་བྱུང་ཐོན་ཁུངས་སོགས་ལས་རིགས་སྡེ་ཚན་གྱིས་མ་དངུལ་སྒོར་དུང་ཕྱུར12.2བཏང་སྟེ་མིའི་ཐབས་ལ་བརྟེན་ནས་ནགས་བཟོ་བ་དང་རྨོ་བསྐྱུར་ནགས་གསོ་མུའུ་ཁྲི12.9508ལ་ཟིན། བགྲོད་ལམ་སྔོ་ལྗང་ཅན་དུ་འགྱུར་ཚད་སྤྱི་ལེ2059.1ལ་ཟིན། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་ཉམས་ཞན་ཁུལ་དང་བྱེ་ཐང་ཅན། བྱེ་རྡོ་ཅན་སོགས་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ149.33ལེགས་གྲུབ་བྱུང་ཡོད། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལས་གྲྭའི་མིས་བཟོས་ནགས་ཚལ་དང་རི་རྒྱ་ནགས་གསོ་མུའུ་ཁྲི23.8ལག་བསྟར་བྱས་ནས་ལས་གྲྭའི“གཙང་པོ་མཚེའུ་རུ་འགྱུར་བའི”འདམ་རའི་སྔོ་ཁེབས་སླར་གསོའི་རྒྱ་ཁྱོན་མུའུ་ཁྲི2.5ལ་ཟིན། རྩྭ་ར་མུའུ་ཁྲི563དང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི170.2 མིས་བཟོས་གཟན་རྩྭ་མུའུ་ཁྲི24.9 ས་ནག་གྲམ་ཐང་མུའུ་ཁྲི3.85བཅས་བཅོས་སྐྱོང་བྱས་ཡོད་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས། ད་ལོར་སི་ཁྲོན་ཞིང་ཆེན་ས་ཆུ་སྲུང་འཛིན་ཨུ་ལྷན་གྱིས་རང་ཁུལ་ལ་ས་ཆུ་ཤོར་བའི་བཅོས་སྐྱོང་གི་དམིགས་ཡུལ་གསར་པ་སྤྱི་ལེ་གྲུ་བཞི་མ976སྤྲད་ཡོད་པ་དང་བཅོས་སྐྱོང་གི་དམིགས་ཡུལ་ནང་ཆུ་བེད་དང་འཕེལ་རྒྱས་བཅོས་བསྒྱུར། ཞིང་ལས་གྲོང་སྡེ། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག དབུལ་སྐྱོར་གསར་སྤེལ། ནགས་རྩྭ་སོགས་སྡེ་ཚན་གྱིས་འབྲེལ་ཡོད་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་དང་དེ་བཞིན་རིགས་ཁག་གི་ཁེ་ལས་དང་དོན་ལས་སྡེ་ཚན། དམངས་ཁྲོད་མ་རྩ་བཅས་ཞུགས་ནས་ལེགས་བྱུང་བའི་ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་འཛུགས་སྐྱོང་གི་གྲུབ་འབྲས་ཚུད་པ་དང་། དམིགས་ཡུལ་ལས་འགན་ལེགས་གྲུབ་ཡོང་ཆེད་རང་ཁུལ་གྱི་ལས་འགན་དེ་དུས་ཐོག་ཏུ་འབྲེལ་ཡོད་ལས་རིགས་སྡེ་ཚན་ཁག་ཏུ་ཁག་བགོས་དོན་འཁྱོལ་བྱས་པ་རེད། དེ་དང་ཆབས་ཅིག་རང་ཁུལ་གྱིས་འབྲེལ་ཡོད་མུ་མཐུད་སྐྲུན་པའི་ལས་གཞི་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། སྤྱི་ཟླ6པའི་ཚེས10ཉིན་བར་རང་ཁུལ་གྱིས་འབབ་རྒྱུད་ཆུང་གྲས་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་ལས་གཞི་མུ་མཐུད་བསྐྲུན་ཞིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི4821བཏང་ནས་དཔལ་ཡུལ་རྫོང་འབར་ཆུང་ལུང་དང་འབའ་ཐང་རྫོང་སོ་བ་ལུང་ཡུལ་ཤོག་ལ་རྩ་ཤུལ། ལྕགས་ཟམ་རྫོང་འབོ་ཞབས་ལུང་། དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་གུས་ལུང་མདའ་དང་བྲག་ཞབས་མདའ། ཕྱག་ཕྲེང་རྫོང་འབྲོང་སྡེ་ལུང་སོགས་ལས་གཞི5ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད་པ་རེད།

      རྒྱུན་རྣམ་དོ་དམ་བྱས་ཏེ་ས་ཆུ་སྲུང་བའི་ནུས་ཤུགས་མཉམ་འདོན་བྱས།

      མགོ་ཁྲིད་མ་ལག་འཐུས་ཚང་དུ་གཏང་རྒྱུ་ནི་ས་ཆུ་ཤོར་བའི་གནད་དོན་རྒྱུན་མཐུད་དང་ནུས་ལྡན་ངང་སྔོན་འགོག་བྱེད་པའི་འགག་རྩའི་འགན་ལེན་ཞིག་ཡིན་པ་རེད། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་པའི་བྱ་བར་མཐོང་ཆེན་བླ་ན་མེད་པ་བྱས་ཏེ་འཕེལ་རྒྱས་བཅོས་བསྒྱུར་དང་། ནོར་སྲིད། ཆུ་བེད། ཞིང་འབྲོག ནགས་རྩྭ། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་ཁོངས་མི་ཡིན་པའི་ས་ཆུ་སྲུང་འཛིན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་དང་ལས་དོན་མཐུན་སྦྱོར་ལམ་སྲོལ་བཙུགས་ཡོད། ཁྱོན་ཡོངས་ཀྱི་ལས་དོན་ལ་སྤྱི་འདོམས་མགོ་ཁྲིད་བྱས་ནས་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་། ས་ཆུ་སྲུང་འཛིན་ཨུ་ཡོན་ལྷན་ཁང་གིས་ལོ་ལྟར་ཆེད་དོན་གྲོས་ཚོགས་ཐེངས་མང་འཚོགས་ནས་ཞིབ་འཇུག་དང་བཀོད་སྒྲིག་ནན་ཏན་བྱས་ཏེ་རང་ཁུལ་གྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ་རྩྭ་འདེབས། ཆུ་མགོའི་བཅོས་སྐྱོང་སྲུང་སྐྱོང་། འདམ་ར་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ས་ཆུ་ཤོར་བའི་ཉེན་ཁ་རྒྱུན་གཏན་ཅན་དང་ཉུང་དུ་བཏང་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་ནི་ས་ཆུ་ཤོར་བའི་ཉེན་ཁ་ཆུང་དུ་གཏོང་བའི་ཐད་ཀའི་དམ་འཛིན་བྱེད་ས་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས“གློད་སྡོམ་ཞབས་གསུམ”གྱི་བླང་བྱ་ལྟར། ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་སྣ་ཚོགས་ལ་ལྟ་སྐུལ་དང་མཛུབ་ཁྲིད། ཞབས་ཞུ་བཅས་བྱས་ཏེ་ཁྲིམས་ལྟར་ས་ཆུ་སྲུང་འཛིན་ཇུས་གཞིའི་ལས་དོན་དེ་མིས་བཟོས་ས་ཆུ་ཤོར་ཚུལ་ཚོད་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་མཆན་འགོད་པའི་ལས་དོན་སྤེལ་བ་རེད། ས་ཆུ་སྲུང་འཛིན་གྱི་ཇུས་གཞིའི་རེ་ཞུ་བྱེད་ཚད་དང་ཞིབ་མཆན་འགོད་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ནས་མིས་བཟོས་ས་ཆུ་ཤོར་ཚུལ་འབྱུང་རྩ་ནས་ཚོད་འཛིན་བྱས། ལྟ་སྐུལ་དོ་དམ་ནན་པོར་བྱེད་པའི་ཐད། ཁུལ་དང་རྫོང(གྲོང་ཁྱེར)ཆུ་བེད་སྡེ་ཚན་གྱིས་འབྲི་ཆུའི་དཔལ་འབྱོར་གླིང་ཁུལ་གྱི་ས་ཆུ་སྲུང་འཛིན་ལྟ་སྐུལ་ཁྲིམས་འཛིན་གྱི་ཆེད་དོན་བྱ་སྤྱོད་གོ་སྐབས་སུ་བྱས་ནས་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཞིར་དུས་ཐོག་ཏུ་དག་ཐེར་བྱ་རྒྱུའི་བརྡ་ཐོ་བཏང་ཡོད། དེའི་ནང2019ལོར་ལྟ་སྐུལ་ཞིབ་བཤེར་ཐེངས85བྱས། ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པའི་ཐད། 2019ལོར་རང་ཁུལ་གྱིས་ས་ཆུ་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ལས་གྲྭའི་ལས་གཞི5ཞིབ་བཤེར་ཐག་གཅོད་བྱས་པར་དངུལ་ཆད་སྒོར་ཁྲི5.039བཅད་ཡོད། རང་བདག་གིས་ཞིབ་བཤེར་རྩིས་ལེན་དང་ཐོ་འགོད་ནན་པོ་བྱེད་པའི་ཐད། རང་ཁུལ་གྱིས་འབྲེལ་ཡོད་ཁེ་ལས་ཀྱི་སྒྲིག་བཀོད་ལ་ཞིབ་བཤེར་རྩིས་ལེན་བྱེད་པར་མུ་མཐུད་ནས་ཤུགས་སྣོན་བརྒྱབ་པ་དང་། ཐོན་སྐྱེད་འཛུགས་སྐྲུན་ལས་གཞིར་རང་ཚུགས་ཀྱིས་ཞིབ་བཤེར་རྩིས་ལེན་བྱེད་པའི་སྒྲིག་སྲོལ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད། རང་བདག་གིས་ཞིབ་བཤེར་རྩིས་ལེན་བྱེད་པའི་གོ་རིམ་དང་ནང་དོན། བླང་བྱ་བཅས་ཚད་ལྡན་དུ་བཏང་བའི་དུས་མཚུངས། རང་ཁུལ་གྱིས་ཐོན་སྐྱེད་འཛུགས་སྐྲུན་བྱ་འགུལ་གྱིས་བཟོས་པའི་ས་ཆུ་སྲུང་འཛིན་གྱི་སྒྲིག་ཆས་ལ་གཏོར་སྐྱོན་དང་། ས་དབྱིབས་སྔོ་ཁེབས་ལ་གཏོར་བརླག་བཟོས་པ་སོགས་ཀྱི་བྱ་སྤྱོད་ལ། ཞིང་ཆེན་གྱི་འབྲེལ་ཡོད་ས་ཆུ་སྲུང་འཛིན་གྱི་གུན་གསབ་གྲོན་དངུལ་བསྡུ་ལེན་དང་བཀོལ་སྤྱོད་དོ་དམ་བྱེད་ཐབས་དང་བསྡུ་ལེན་ཚད་གཞི་ནན་ཏན་གྱིས་གཞིར་བཟུང་ནས་ས་ཆུ་སྲུང་འཛིན་གྱི་གུན་གསབ་གྲོན་དངུལ་ཁྲིམས་ལྟར་བསྡུ་ལེན་བྱས་པ་རེད།2019ལོར་རང་ཁུལ་གྱིས་ས་ཆུ་སྲུང་འཛིན་གྱི་ཁ་གསབ་དངུལ་སྒོར་ཁྲི4031.426བསྡུས་ཡོད།

        ས་ཆུ་སྲུང་འཛིན་ནི་དུས་ཡུན་རིང་ཞིང་རྒྱུད་རིམ་ལྡན་པའི་ལས་ཀ་ཞིག་ཡིན་པས་ངེས་པར་དུ་འཆར་འགོད་སྔོན་ལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། རང་ཁུལ་གྱིས་ས་ཆུ་སྲུང་འཛིན་གྱི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཞག་ཡོད། 《དཀར་མཛེས་ཁུལ་གྱི་ས་ཆུ་སྲུང་འཛིན་དཔྱད་ཞིབ་ཀྱི་བྱེད་ཐབས》གཏན་འབེབས་དང་པར་འགྲེམས་བྱས་པ་དང་། 《དཀར་མཛེས་ཁུལ་གྱི་ས་ཆུ་སྲུང་འཛིན་འཆར་འགོད(2015ནས2030ལོའི་བར》སྒྲིག་འཛུགས་དང་སྒྲིག་བཟོ་བྱས། རྫོང(གྲོང་ཁྱེར)18ཀྱིས་ས་ཁོངས་ནང་གི་ས་ཆུ་སྲུང་འཛིན་འཆར་འགོད་སྒྲིག་བཟོ་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱས་ཡོད། དེང་སྐབས། རང་ཁུལ་གྱིས་རྫོང(གྲོང་ཁྱེར)གི《འཆར་འགོད》བཟོ་འགོད་དང་རིགས་གཅིག་མཁས་ཅན་གྱི་ལག་རྩལ་ཞིབ་བཤེར་ལས་དོན་ལེགས་སུ་གྲུབ་པ་དང་ཁུལ་རིམ་པ་དང་དེ་བཞིན་རྫོང་དང་གྲོང་ཁྱེར14ཡི《འཆར་འགོད》ལ་རིམ་པ་གཅིག་མཚུངས་ཀྱི་སྲིད་གཞུང་གི་མཆན་འགོད་བཀའ་ལན་ཐོབ་པ་དང་། ཁུལ་ཡོངས་ཀྱི་ས་ཆུ་ཤོར་བར་འགོག་བཅོས་དང་ས་ཁོངས་དབྱེ་ནས་གཏན་འཁེལ་བྱས་པ་རེད། སྔོན་དཔག་བྱས་ན2030ལོར་ས་ཆུ་ཤོར་ཁྱོན་སྤྱི་ལེ་གྲུ་བཞི་མ14262ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་ཡིན་པའི་ནང་ཉེ་ཆར(2015ནས2020ལོ་བར)ས་ཆུ་ཤོར་ཁྱོན་སྤྱི་ལེ་གྲུ་བཞི་མ4362བཅོས་སྐྱོང་བྱ་རྒྱུ་རེད། གཞན་ཡང་རང་ཁུལ་གྱིས་ད་དུང《དཀར་མཛེས་ཁུལ་གྱི་ས་ཆུ་སྲུང་འཛིན་དཔྱད་ཞིབ་ཀྱི་བྱ་ཐབས》བཟོས་ནས་འགྲེམས་སྤེལ་བྱས་པ་རེད། ལོ་ལྟར《ལོ་འཁོར་གྱི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞིའི་ས་ཆུ་སྲུང་འཛིན་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཁེ་ལས་ཀྱི་བདག་པོས་རང་བཤེར་དང་། རྫོང་རིམ་པའི་གྲལ་བཤེར། ཁུལ་གྱིས་གཙོ་གནད་ལྟ་སྐུལ་ཞིབ་བཤེར་བཅས་རིམ་པ་གསུམ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཁུལ་ཡོངས་ཀྱི་ཐོན་སྐྱེད་འཛུགས་སྐྲུན་ལས་གཞའི་ས་ཆུ་སྲུང་འཛིན་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལམ་སྲོལ་དོན་འཁྱོལ་བྱས་པ་རེད། །



  • ལེ་ཚན་སྔོན་མ།:གཞིས་མི་ལ་སྟབས་བདེ་བསྐྲུན་པའི་འབྲས་བུ་སྨིན།
  • ལེ་ཚན་རྗེས་མ།:རྫོང་འདི་ན་དྲེད་མོང་མ་བུ་བཞི་མཐོང་འདུག
  • དོ་སྣང་ཆེ་བའི་རྩོམ།