མདང་ནུབ་ཀྱི་དྲན་པ།

བཞག་སྲས།        2017-08-16

མདང་ནུབ་ཀྱི་དྲན་པ།

མདོ་གྲོང་དེ་ན་མདང་ནུབ་ཁྱོད་ཉིད་འདུག །
སྐྲ་ལོ་ནག་ཆུང་རླུང་བུས་སྒུལ་བཞིན་འདུག །
སེམས་ཀྱི་འོ་མ་དྲོད་ཀྱིས་ཁོལ་བཞིན་འདུག །
ཡིད་ཀྱི་ཟླ་ཚེས་སྨུག་པའི་ཀློང་ན་འཚེར།།

ངོ་གདོང་དཀར་པོ་ཐོལ་གྱིས་མཇལ་བ་དེར།།
སེམས་པ་བསིལ་མོ་རླུང་བུས་རེག་པ་བཞིན།།
སྙིང་ཆུང་ལུ་གུ་ཐ་གུས་ལྷོད་པ་བཞིན།།
ལམ་གྱི་གཞུང་ཆེན་གོམ་པས་འབོར་ཉེན་བྱུང་།།

དེ་ལ་མཚོན་པའི་རྟགས་རིས་མ་རྙེད་ཅིང་།།
གང་ལ་བརྡ་ཡི་ཐ་སྙད་མ་ལོན་པར།།
སོག་རུས་ཁེལ་ཙམ་དཔུང་བ་རེག་ཙམ་དུ།།
བསིལ་རླུང་ཕྲ་མོས་བར་ཐག་ཕྱེས་ཏེ་སོང་།།

མཆི་མ་རྡོག་པོས་ལྷིང་འཇགས་དཀྲོག་བཞིན་སོང་།།
བརྩེ་བ་ཟླུམ་པོས་ཟུངས་ཁྲག་སྐྱོམ་བཞིན་སོང་།།
མི་ཚེ་རིང་མོའི་བརྗེད་བྱང་ལེབ་ཅིག་ནས།།
ཡིད་སེམས་ཙམ་གྱིས་ཁྱོད་ཉིད་མྱོང་བཞིན་སོང་།།

ད་དུས་མདང་ལ་ཕྱི་མིག་ཕྱོགས་པ་ན།།
ཁེར་རྐྱང་དྲན་པའི་སྣང་བརྙན་བཀླགས་པ་ན།།
འཁྱགས་ཀླུང་མཛེས་ལྗོངས་མིག་ལ་ཐོགས་བཞིན་དུ།།
ཚོར་བའི་རྔ་ཆེན་བྲང་གི་གཞུང་ན་རྡུང་།།

དེ་ལ་རྟོག་པས་གཤོག་ཟུང་མ་བཏགས་ཅིང་།།
གང་ལ་འུད་ཀྱི་མཇུག་སྒྲོ་མ་བཅིངས་པར།།
གངས་དཀར་རི་བོ་གཡས་སུ་འགྱིང་ས་ནས།།
ཚོར་བའི་གླུ་ངག་དབྱངས་ཀྱི་རྟ་ལ་སྐྱོན།།

འདི་ལ་ཚིག་གི་རྒྱན་ཆ་མ་དཔྱངས་ཤིང་།།
གང་ལ་ངག་གི་སྒྱུ་རྩལ་མ་བཏོད་པར།།
དུང་དཀར་ལུང་པ་ཕུགས་སུ་འཁོར་ས་ནས།།
ངག་རིག་ཕྲ་མོ་དར་གྱི་ལུང་ལ་དྲངས།།

སུ་ལ་གཡོ་ཡི་སྟོད་ཐུང་མ་བཀབ་ཅིང་།།
གང་ལ་འཕྲུལ་གྱི་སྐ་རགས་མ་བསྡམས་པར།།
དར་མདོ་ལུང་ཁོག་རྒྱབ་ཏུ་ཡོད་ས་ནས།།
སྙིང་གི་ན་ཟུག་རི་མོའི་ལམ་ལ་འཇོག།

མི་ཚེ་ལམ་བུ་ལས་ཀྱིས་བཏོད་པ་ན།།
ཐོད་པའི་རི་མོ་ཚེ་སྔོན་བྲིས་པ་ན།།
ཕྱིར་འཁོར་བརྩེ་བ་སྙིང་ལ་ལྡང་ཚུལ་འདི།།
གང་གིས་མཚོན་མིན་སུས་ཀྱང་ཤོད་རེ་ཀན།།

ལན་རེར་བསམ་ན་ལས་དབང་བསམ་ནག་ཅིག།
སྐབས་དེར་གཞིགས་ན་ཐོད་རིས་འཁྱོག་པོ་ཞིག།
ང་དང་ཁྱོད་གཉིས་རི་བོས་གཅོད་སྟངས་འདི།།
སེམས་པ་སྐྱ་མོ་ཐང་ལ་འགྱེལ་ལུགས་ཤིག།

འུ་གཉིས་ལུང་ཁོག་གཡས་གཡོན་ལྷུང་པ་འདི།།
ལས་ཀྱི་ཆུ་བོ་འབབ་སྟངས་ཙམ་ཞིག་དང་།།
སེམས་ཀྱི་ས་ཆེན་འཁོར་ཚུལ་ཉིད་མིན་ཏེ།།
སོ་སོས་གདམ་པའི་ལམ་བུས་ཕྱེས་པ་ཡིན།།

གཞི་མདོ་དེ་ནས་ཁྱོད་ཀྱིས་སྒུག་ཙམ་མམ།།
འགག་མདོ་གང་ནས་ང་ཉིད་མགྱོགས་ཙམ་གྱིས།།
ལུང་ཁོག་གཅིག་ལ་རྨི་ལམ་རྙེད་རྒྱུ་ན།།
སྤྲོ་བའི་རྦ་རླབས་སུ་དང་གང་གིས་མཚོན།།

ཡིན་ཡང་རྨི་ལམ་འཁྲུལ་བའི་ངང་ཚུལ་དང་།།
རེད་ཀྱང་རྟོག་འགྱུ་གཡེང་པའི་རང་བཞིན་དུ།།
བསམ་བཞིན་རང་རང་འཚོ་བའི་ཁུགས་སོ་དེར།།
མཆི་མ་ཁོ་ན་སེམས་ཀྱི་སྐྱོ་གྲོགས་ཡིན།།

གོམ་ཁ་མི་བརྟན་འཁྱོམ་བཞིན་ཕུགས་ལ་སོང་།།
ཕུགས་ཀྱི་འཁྱགས་ཀླུང་རེག་བཞིན་མཐའ་ལ་སོང་།།
གངས་དཀར་རི་བོའི་འདབས་སུ་གཤེགས་པ་ན།།
མདང་གི་དྲན་པ་སྔར་བཞིན་རྒོད་ཅིང་ལྡང་།།

འབོ་ཞབས་གྲོང་རྡལ་འདི་ནས་གནམ་ལ་བལྟ།།
གནམ་གྱི་སྐར་ཚོགས་གཡས་རིར་སྦྲེལ་ལ་བལྟ།།
གཡས་ཀྱི་རི་ཆེན་བརྒལ་བའི་ཕར་ནང་ན།།
སྡོད་པའི་བྱམས་ལོ་ད་རུང་འཛུམ་མམ་ཅི།།

གངས་དཀར་མགྲོན་བྲང་དེ་ནས་གྱང་ལ་ཕྱོགས།།
གྱང་གི་སྣང་བརྙན་ཡིད་ཀྱི་གཟུགས་ལ་སྦྲེལ།།
མདང་ནུབ་སྒུལ་བའི་སྐྲ་ལོ་ནག་ཆུང་དང་།།
སྙིང་གི་ཟླ་ཚེས་ད་དུང་མཛེས་སམ་ཅི།།

གྲོང་རྡལ་འདི་ཡི་ལམ་གློག་སྣ་ཚོགས་ཀྱིས།།
དྲན་འགྱུ་མི་འདྲ་བརྙན་དུ་བཞེངས་པ་རྣམས།།
མདང་ནུབ་མཇལ་བའི་སྟབས་ཀ་དམིགས་བསལ་ཞིག།
མིན་ཞེས་བརྗོད་པའི་དཔའ་སྤོབས་སུ་ལ་ཡོད།།

རི་བོས་ཆོད་པའི་ལུང་པ་སྔུན་རྒྱབ་འདིར།།
ཀི་དང་ང་རོས་ཕན་ཚུན་མི་རེག་ཀྱང་།།
གཟུགས་འདས་བརྩེ་བ་ཟམ་དུ་སྐྱོང་ཚུལ་འདི།།
སྐྱེ་བ་ནམ་ཞིག་བགྲོད་པའི་རྟེན་ལ་འཇོག། 


  • ལེ་ཚན་སྔོན་མ།:མགུར་ཐུང་སྐྱོ་ཤེས་མ།
  • ལེ་ཚན་རྗེས་མ།: རྨི་ལམ་ཐོར་མ།