ཁ་བའི་དབྱངས།

གངས་ཟེགས།        2020-07-03

ལྷ་སའི་པོ་ཏ་ལ་རི།།

ཉི་མའི་གསེབ་ལ་འདྲེས་འདུག།

བུ་ང་བསོད་ནམས་དམན་པས།།

ཐལ་མོ་རྒྱང་ནས་སྦྱར་ཡོད།།

ཚོགས་དྲུག་རྣམ་ཤེས་ངོས་ན།།

ཁ་བའི་གཡའ་དྲི་འགོས་པས།།

སྲིད་པའི་མེ་འོབས་མཐུག་པོ།།

གཟན་ལྕེ་གཡོག་ནས་སྤུར་འདོད།།

ཏིང་འཛིན་སྐྱིལ་ཀྲུང་ངོགས་ན།།

མི་རྟག་འཇའ་ཚོན་སྒོམ་དུས།།

འཁོར་བའི་གྲོང་ན་ལུས་པའི།།

ཕ་མ་སྤུན་མཆེད་སྙིང་རྗེ།།

མཛའ་འདྲིས་གཉེན་གྱིས་མ་བཅངས།།

ཞེ་སྡང་དགྲ་ལ་མ་ཤོར།།

རྡོག་པ་རི་ལ་ཆས་དུས།།

སེམས་པ་གངས་ལ་ཕྱོགས་སོང་།།

གངས་དཀར་རི་བོ་མཇལ་དུས།།

གསོལ་བ་ལན་གསུམ་བཏབ་ཡོད།།

བདེན་པའི་མཐུ་སྟོབས་ཡོད་ན།།

ང་ལ་བྱིན་རླབས་འབྱུང་ཡོང་།།

ལྷས་འདབས་རྨི་ལམ་བསྐྱིལ་ཏེ།།

སྦྲ་ལ་རྣམ་ཤེས་འཁོར་བས།།

སྒོ་དར་རླུང་གིས་ཟད་དུས།།

ཕྱི་ཐག་བཏང་བ་མི་འདུག།

རྒོད་པོ་གནམ་ལ་འཕུར་དུས།།

སྐྱི་སེར་རླུང་བུས་མ་ཐུབ།།

མེ་ཏོག་འདབ་མ་འཐོར་དུས།།

སད་དང་སེར་བ་ཆེ་འདུག།

བསམ་པས་ལ་མོ་བརྒལ་ན།།

དབེན་པའི་ལྷིང་འཇཊ་འདོད་ཀྱང་།།

ཕ་ཡུལ་གྲང་ངར་ཆེ་བས།།

སེམས་པས་བཟོད་ཐབས་མ་བྱུང་།།

ལས་ལ་ལགས་སོ་ཞུས་ནས།།

སྣང་བ་ཀྲོག་ཀྲོག་བྱས་ན།།

དམ་པའི་མཛད་རྣམ་དྲན་ཚེ།།

མིག་ཀོང་ཆུ་མས་བརླན་ཡོང་།།

ཨ་ཕོ་རྟ་ཕོ་ངེད་གཉིས།།

གཙང་བོ་རབ་ཁ་མེད་ཀྱང་།།

དྲང་མོའི་ལམ་ཞིག་མཐོང་ན།།

མི་ལྕེབས་རང་དབང་མི་འདུག།



  • ལེ་ཚན་སྔོན་མ།:གཉིད་ལས་སད་རྗེས།
  • ལེ་ཚན་རྗེས་མ།:ཁངས་ཟ་ཟིའི་ནང་གི་ཉི་ཤུའི་རྨི་ལམ།