ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།

སྐལ་ཐུབ་དང་མཁས་གྲུབ། ཨོ་རྒྱན། བདེ་ཆེན།        2017-08-14

ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།

   2015ལོའི་ཟླ་བ12པར་དཀར་མཛེས་ཁུལ་གྱིས་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ་ནས་བཟུང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དམིགས་འབེན་གཅིག་དང་གནད་འགག་གཉིས། དོན་ཆེན་གསུམ། འཐབ་ཇུས་ཆེན་པོ་དྲུག་གི་སྤྱིའི་ལས་ཀའི་བཀོད་སྒྲིག་ལྟར་འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བྱ་རྒྱུ་དེ་དཀར་མཛེས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བྱ་གཞག་གལ་ཆེན་དུ་བརྩིས་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲས་རིམ་དང་པོར་ཞུགས་ཐུབ་པའི་ཤུགས་རྒྱག་ཡས་སུ་བྱས་པ་རེད།

ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།

     དབུལ་སྐྱོར་འགག་སྒྲོལ་དང་ཁྲིམས་ལྟར་ཁུལ་སྐྱོང་། ཐོན་ལས་དམངས་ཕྱུག  འགྲིམ་འགྲུལ་སྔོན་སྤེལ། གྲོང་ཡུལ་རིམ་སྤོར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བཏང་ནས་ལོ་གཅིག་ལྷག་སོང་བ་ནས་བཟུང་། ཁུལ་ཡོངས་ཀྱི་དབུལ་ཕོངས་གྲོང་ཚོ280དབུལ་པོའི་གྲལ་ནས་ཕྱིར་འཐེན་པ་དང་། དབུལ་པོ33985དབུལ་ཐར་བྱུང་ཡོད། ཁག་བགོས་ན་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ལས་འགན་ལས་བརྒྱ་ཆ31.46དང་བརྒྱ་ཆ19.19ཚད་བརྒལ་ལེགས་འགྲུབ་བྱུང་ཡོད། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་དང་པོ་ལས་རྒྱལ་ཁ་ཐོབ་པ་དང་། ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་ཀ་ཟབ་སྤེལ་བྱུང་ཞིང་། ཐོན་ལས་དམངས་ཕྱུག་གི་གྲུབ་འབྲས་མངོན་གསལ་ཐོན་པ།འགྲིམ་འགྲུལ་སྔོན་སྤེལ་གྱི་འགག་གནད་འགྲོལ་བ་དང་། གྲོང་ཡུལ་གྱི་རྣམ་པ་ལེགས་འགྱུར་བྱུང་ཡོད་ཅིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་རེད།

     ཚེས8ནས་བཟུང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཁུལ་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད་དང་འཐབ་ཇུས་ཆེན་པོ་དྲུག་གི་ལས་ཀ་དང་འབྲེལ་བ་ཡོད་པའི་ཁུལ་རིམ་པའི་སྡེ་ཚན་གྱི་འགན་འཁུར་མི་སྣ། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར18དང་། དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་འགན་འཁུར་མི་སྣ་དང་བཅས་པ་སྣེ་ཁྲིད་གནང་སྟེ་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་ཉག་ཆུ་ཁ།ལི་ཐང་། འདབ་པ་རྫོང་བཅས་ཀྱི་དཔེ་སྟོན་བྱ་ཡུལ་དུ་ཕྱིན་ནས་ཡུལ་དངོས་ལ་ལྟ་བ་དང་སྙན་ཞུར་གསན་པ། ཡུལ་མིར་འདྲི་བ་སོགས་ཀྱི་ཐབས་མང་བརྒྱུད་ནས་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་སྐུལ་འདེད་བྱས་ཚུལ་དང་ལས་གཞི་དཔེ་སྟོན་ཅན་གྱི་ཨར་ལས་ལ་སྐུལ་འདེད་བཏང་ཚུལ། ཐོབ་པའི་གྲུབ་འབྲས་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཡུལ་དངོས་ལྟ་སྦྱོང་ཁྲོད་དུ་ཞུགས་ཡོད། ཐེངས་འདིའི་ཡུལ་དངོས་ཚོགས་འདུའི་འཚོག་ཡུན་ནི་ཉིན་གསུམ་ཡིན་ཞིང་། ལྟ་སྦྱོང་མཇུག་འགྲིལ་རྗེས་འདབ་པ་རྫོང་དུ་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་འཚོག་རྒྱུ་རེད།

གཅིག

དར་མདོ་གྲོང་ཁྱེར་ལྕེ་ཐོག་གྲོང་སྡེའི་ལན་ཡུས་མཐོ་སྒང་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་།

  སྔ་དྲོའི་ཆུ་ཚོད9པར། ལྟ་སྦྱོང་ཚོགས་པ་དར་མདོ་གྲོང་ཁྱེར་ལྕེ་ཐོག་གྲོང་སྡེའི་ལན་ཡུས་མཐོ་སྒང་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་དུ་སླེབས་ཤིང་ངོ་སྤྲོད་ཞུས་པར་ཉན་ཞིང་ཐོན་རྫས་ཀྱི་ཞིམ་མངར་མྱངས་རྗེས་འབྲི་མོའི་རིག་གནས་འགྲེམས་སྟོན་ཁང་དུ་ལྟ་སྐོར་སོང་བ་རེད།

  ལྟ་སྦྱོང་ཚོགས་པས་སྤྱི་གཉེར་ཁང་དེས་སྣེ་ཁྲིད་ཁེ་ལས་དང་འབྲོག་ར། ཆེད་ལས་མཉམ་ལས་ཁང་། འབྲོག་པའི་དུད་ཚང་བཅས་མཉམ་ལས་ཀྱི་ཚོང་གཉེར་བྱེད་ཐབས་སྤྱད་དེ་ཟོང་རྟགས་བསྐྲུན་པ་དང་། ས་གནས་དེ་གའི་ཡུལ་མི་སྐུལ་ཁྲིད་བྱས་ཏེ་འབྲི་མོའི་འོ་མ་མཁོ་འདོན་དང་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་ནས་ཡོང་འབབ་འཕར་ཐབས་བྱས་ཤིང་། རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཡོང་བར་རོགས་འདེགས་བྱེད་པའི་འབྲོག་ཁུལ་གྱི་མཉམ་ལས་འབྲེལ་བ་གསར་པ་བཙུགས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།

ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།

   ཡུལ་དངོས་སུ་ལིའུ་ཁྲེང་མིང་གིས་སྤྱི་གཉེར་ཁང་དེའི་ཚོང་གཉེར་འདུ་ཤེས་དང་། བྱེད་ཐབས།གྲུབ་འབྲས་བཅས་ལ་ཁས་ལེན་གང་ལེགས་གནང་ཞིང་མུ་མཐུད་དེ་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་མུ་མཐུད་དེ་ཁེ་ལས་ལ་གཞོགས་འདེགས་ཡག་པོ་བྱས་ཤིང་སྣེ་ཁྲིད་ཁེ་ལས་དང་འབྲོག་ར།ཆེད་ལས་མཉམ་ལས་ཁང་། འབྲོག་པའི་དུད་ཚང་བཅས་མཉམ་ལས་ཀྱི་ཚོང་གཉེར་བྱེད་ཐབས་དེ་ཟབ་སྤེལ་བྱས་ཏེ་རང་ཁུལ་གྱི་འོ་ལས་ཐོན་རྫས་རྒྱལ་ཡོངས་ཀྱི་ཟོང་རྟགས་གྲགས་ཅན་དུ་བསྐྲུན་དགོས་པའི་ཐུགས་རེ་གནང་བ་རེད།

 གཉིས།

དར་མདོ་གྲོང་ཁྱེར་ཝ་ཁྲལ་ཤང་གཡུ་རྩེ་གཤིས་གྲོང་ཚོ་དང་པོ་དང་གཉིས་པ། གསུམ་པ།

   སྔ་དྲོའི་ཆུ་ཚོད11ཡས་མས་སུ་ལྟ་སྦྱོང་ཚོགས་པ་དར་མདོ་གྲོང་ཁྱེར་ཝ་ཁྲལ་ཤང་གཡུ་རྩེ་གཤིས་གྲོང་ཚོ་དང་པོ་དང་གཉིས་པ། གསུམ་པར་སླེབས། ཤེས་རྟོགས་བྱུང་བར་གཞིགས་ན། གཡུ་རྩེ་གཤིས་གྲོང་ཚོ་དང་པོ་དང་གཉིས་པ། གསུམ་པའི་གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལས་གཞི་ནི11·22པའི་དར་མདོའི་ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་ལས་གཞིའི་ཁོངས་སུ་གཏོགས་ཤིང་། མ་དངུལ་སྒོར་དུང་ཕྱུར0.47བཏང་བ་དང་། 2016ལོའི་ཟླ་བ5པར་ལས་འགོ་ཚུགས་ཤིང་། འདི་ལོའི་ཟླ་བ5པར་ལས་གཞི་གྲུབ་སྟེ་བེད་སྤྱོད་གཏོང་བཞིན་ཡོད་པ་རེད།

  ལྟ་སྦྱོང་ཚོགས་པས་གཡུ་རྩེ་གཤིས་ནས་ཤེས་རྟོགས་བྱུང་བར། གཞུང་ལམ་འདི་བསྐྲུན་རྗེས་ས་གནས་དེ་གའི་མང་ཚོགས་འགྲོ་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་བར་མ་ཟད་། གཞུང་ལམ་གྱི་ལམ་རྒྱུད་དུ་མུའུ་ཁྲི་ཡོད་པའི་སྐལ་བཟང་མེ་ཏོག་བཏབ་པས་མེ་ཏོག་གིས་བརྒྱན་པའི་ས་མཐོའི་གྲོང་ཚོས་ཕྱོགས་བཞིའི་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ་དང་། གྲོང་ཚོ་གསུམ་གྱི་དུད་ཚང177གྱི་མི་གྲངས1100ལ་ཡུལ་མིའི་སྣེ་ལེན་སོགས་ཐོན་ལས་རྣམ་གྲངས་ནས་ཁེ་ཕན་མི་ཉུང་བ་ཐོབ་པ་རེད།

ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།

   ལིའུ་ཁྲེང་མིང་གིས་ལྟ་སྦྱོང་ཚོགས་པའི་ཁོངས་མི་དང་བཅས་པ་ལ་ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་བྱ་བར་འབད་བརྩོན་བྱ་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ལམ་རྒྱ་ཆེར་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏང་དགོས་ཞེས་གསུངས།

གསུམ།

དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ།

   ལྟ་སྦྱོང་ཚོགས་པ་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་དུ་སླེབས་ཤིང་། ཁྲིམས་ལུགས་ལ་བརྟེན་ནས་ཁུལ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འཐབ་ཇུས་ཁྲོད། དར་མདོ་གྲོང་ཁྱེར་གྱིས་ཁྲིམས་འགལ་གྱིས་ས་ཞིང་བཟུང་སྤྱོད་དང་འཛུགས་སྐྲུན་གང་མོས་བསྐྲུན་པའི་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ནན་པོར་སྤེལ་བ་སྟེ། མིག་སྔའི་བར་སྨི་ངོས་གྲུ་བཞི་མ་ཁྲི12སྒྱུར་བཀོད་བྱས་པ་དང་། མུའུ132.3ཡོད་པའི་ས་ཁོད་སྙོམས་པ། མུའུ100ཡི་ས་ཞིང་སྔོ་འགྱུར་བཏང་བ་རེད།རིམ་རྩིས་བྱས་པར་དངུལ་ཆད་བླངས་པ་དང་ས་རིན་བླངས་པ་བཅས་སྒོར་དུང་ཕྱུར1.18ལ་ཟིན་པ་རེད།

ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།

  ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་སློབ་གསོའི་ཐད་གང་ལ་གང་མཁོའི་ཚལ་ཐོ་རྣམ་པའི་ཁྲིམས་ལུགས་ཁྱབ་གདལ་སྤེལ་ཐབས་སྤྱད་པ་དང་། མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ལ་བརྟེན་ནས་བཅའ་ཁྲིམས་ཤེས་བྱ་ཁྱབ་བསྒྲགས་བྱས་པ་དང་། ནང་དོན་དང་འབྲེལ་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་སྟངས་ལ་ལྟ་སྦྱོང་ཚོགས་པའི་ཁོངས་མིས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱས་པ་རེད།

བཞི།

ཉག་ཆུ་རྫོང་མཁར་རིང་པོའི་ཡུལ་ཤོག་ཕག་མོ་རི་གྲོང་སྡེ།

   ཕྱི་དྲོའི་དུས་ཚོད14པར་ལྟ་སྦྱོང་ཚོགས་པ་ཉག་ཆུ་རྫོང་མཁར་རིང་པོའི་ཕག་མོ་གླིང་གྲོང་སྡེར་འབྱོར། རྒྱུས་ལོན་བྱུང་བ་ལྟར་ན། གྲོང་སྡེ་འདི་ནི་ཕག་མོ་རིའི་རང་བྱུང་ཡུལ་ལྗོངས་ཁུལ་དུ་ཆགས་ཡོད་ལ།  གྲོང་སྡེ་ཡོངས་ལ་ཁྱིམ་ཚང76དང་མི་གྲངས396ཡོད།  རྨོ་ཞིང་རྒྱ་ཁྱོན་ལ་མུའུ326ཡོད་ལ། ཞིང་དོར་ནགས་སྤེལ་གྱི་རྒྱ་ཁྱོན་ལ་མུའུ403ཡོད་འདུག   ས་ཆ་འདི་ནི་སི་ཁྲོན་གྱི་བྱ་རིགས་ཀྱི་གནས་མཆོག་ཆེན་མོ་བཅུ་ཡི་གྲས་སུ་གཏོགས་པས་མཚན་སྙན་ལྡན།

ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།

  ལོ་འདི་འགའི་རིང་ལ་ཉག་ཆུ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གྲོང་སྡེ་དང་ཡུལ་ཤོག་གི་དཔལ་ཡོན་གྱི་ཆུ་ཚད་མཐོ་རུ་གཏོང་བར་དམིགས་ནས་མ་དངུལ་སྒོར་ཁྲི་ཚོ620འགྲོ་སོང་བཏང་ནས་གྲོང་སྡེའི་བྱ་འགུལ་ལྟེ་གནས་དང་། གྲོང་སྡེ་སོ་སོའི་གཞུང་ལམ། ཁང་བའི་ཕྱི་ཡི་བཟོ་བཀོད་ཀྱི་རྣམ་པ་དང་། འཁོར་ལྷས།སྤྱི་པའི་ཆབ་ཁང་། གད་སྙིགས་ཕྱིར་ལེན་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ་གྲོང་སྡེའི་མཛེས་སྡུག་རྣམ་པ་ལྷག་ཏུ་བཀྲ་ཡོད་པ་རེད།

   ལིའུ་ཁྲེང་མིང་གིས་ཡུལ་དངོས་སུ་གྲོང་སྡེ་མཛེས་པར་བསྐྲུན་རྒྱུ་དེ་འཕེལ་རྒྱས་ཀྱི་གཞི་རྩར་བཞག་ནས་ལྗང་མདོག་འཕེལ་རྒྱས་ནི་དམངས་ཕན་གྱི་རྩ་བར་འཛིན་དགོས་ལ། མཛེས་སྡུག་གི་གྲོང་སྡེ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་དམངས་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ཤིང་གནའ་བོའི་རང་བྱུང་གི་མཛེས་པ་འདོན་ཅི་ཐུབ་བྱ་དགོས་ཞེས་བསྟན།

ལྔ།

ཉག་ཆུ་རྫོང་གི་བེ་ཤ་ཐོན་ལས་ར་བ།

ཕྱི་དྲོའི་དུས་ཚོད16པར་ལྟ་སྦྱོང་ཚོགས་པ་ཉག་ཆུ་རྫོང་གི་བེ་ཤ་ཐོན་ལས་ར་བ་སྟེ་ཐོན་ལས་དམངས་ཕྱུག་དང་དབུལ་སྐྱོར་འགག་སྒྲོལ་ཟུང་དུ་འབྲེལ་བའི་རྒྱལ་ཡོངས་ཀྱི་ཞིང་སྡེའི་བྱ་གཞག་གསར་གཏོད་རྟེན་གཞིར་སླེབས་ཤིང་།   ད་ལོའི་ལོ་འགོར་དཀར་མཛེས་ཁུལ་གྱི་ཤར་ལྷོ་བྱང་གསུམ་གྱི་རྫོང་བཅུ་གཉིས་དང་གྲོང་ཁྱེར་གཅིག་གི་ས་ཆ་རུ་ཁུལ་རིམ་པའི་ཐོན་ལས་འཕེལ་རྒྱས་དཔེ་སྟོན་ས་ཚུགས་བཙུགས་ཤིང་། ལྷོ་རྒྱུད་དུ་ཉག་ཆུ་རྫོང་ནི་སྐྱེ་ཁམས་ཟས་རིགས་ཐོན་ལས་ར་བ་སོགས་ལས་གཞི་འཛུགས་སྐྲུན་གྱི་གཙོ་གནད་བཞག་ཡོད་པ་རེད།

ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།

    རྒྱལ་ཡོངས་ཀྱི་ཞིང་སྡེའི་ཐོན་ལས་གསར་གཏོད་ར་བ1096ཡོད་པའི་ཁྲོད་དུ། ཉག་ཆུ་རྫོང་ཀྲུང་གོའི་བེ་ཤ་ཐོན་ལས་ར་བ་ཐོ་འགོད་བྱས་ཡོད་ལ། ཐོན་ལས་ར་བ་འདི་ཉིད་མཉམ་ལས་ཁང་དང་གཅིག་བསྡུས་དཔལ་འབྱོར། ཞིང་ཁྱིམ་སོགས་ཀྱི་མ་དཔེ་རུ་གྱུར་ཡོད་པ་རེད། དུད་ཁྱིམ2000ཀྱིས་ཞིང་ས་རུ་ཤ་མོ་རྨོས་ཤིང་ལོ་རེར་ཆ་སྙོམས་སྒོར་ཁྲི4ཡི་ཡོང་འབབ་འཕར་སྣོན་བྱུང་བཞིན་ཡོད་པ་རེད།

  ཡུལ་དངོས་སུ་ལིའུ་ཁྲེང་མིང་གིས་ས་གནས་རང་གིས་བླ་ན་མེད་པའི་ཐོན་ཁུངས་རྒྱ་བསྐྱེད་བཏང་ཞིང་། དྲ་བའི་སྤྱོད་སྒོ་བེད་སྤྱད་དེ་གནས་མཆོག་དཀར་མཛེས་ཀྱི་མིང་རྟགས་དེ་ལས་བཟང་པོ་བསྐྲུན་དགོས་པ་དང་། རྒྱ་ཆེ་བའི་མི་སེར་མི་དམངས་ལ་དཔལ་འབྱོར་གྱི་ཡོང་སྒོ་མོད་ཅིང་དབུལ་ཐར་ཡོང་བ་དང་འབྱོར་འབྲིང་ལ་སྙེགས་པའི་སྣེ་ཁྲིད་པ་ཞིག་བྱ་དགོས་ཞེས་བསྟན།

དྲུག

ཉག་ཆུ་ཁའི་ཆུ་གཉིས་མདོ་ཆུ་གློག་ས་ཚུགས།

    ལྟ་སྦྱོང་ཚོགས་པ་ཉག་ཆུ་ཁའི་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་སུ་སླེབས་ཤིང་། ཆུ་གློག་ས་ཚུགས་འདི་ནི་ཀྲུང་གོའི་བོད་ཁུལ་གྱི་ཕྱོགས་འདུས་གཞི་ཁྱོན་ཆེས་ཆེ་བའི་ཆུ་གློག་ས་ཚུགས་ཡིན།

    ལིའུ་ཁྲེང་མིང་གིས་རྫོང་དང་གྲོང་ཁྱེར་སོ་སོས་ཐོན་ཁུངས་གསར་སྦོལ་ནང་དུ་ས་གནས་ཤིག་གི་ཐོན་ཁུངས་གསར་སྦོལ་བྱེད་ཚེ་ས་ཕྱོགས་དེའི་སྐྱེ་ཁམས་སྲུང་སྐྱོང་བྱ་དགོས་ལ། ས་ཕྱོགས་དེའི་མི་སེར་ཕྱུག་འགྱུར་ཡོང་བའི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་། ཐོན་ཁུངས་གསར་སྦོལ་དང་གནད་སྨིན་དབུལ་སྐྱོར་བར་ཟུང་དུ་འབྲེལ་ནས་ཞིང་འབྲོག་མང་ཚོགས་རྣམས་ཀྱིས་ཐོན་ལས་འཕེལ་རྒྱས་ནང་དུ་དངོས་ཕན་ཐོབ་ཅིང་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པར་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།

   2023ལོར་གློག་འདོན་ས་ཚུགས་ལེགས་གྲུབ་ཚར་རྗེས། ལོ་རེའི་ཆ་སྙོམས་ཀྱི་གློག་འདོན་ཚད་དེ་ལོ་རེར་འབར་རྫས་ཟད་གྲོན་ཏུན་ཁྲི535དང་འདྲ་མཚུངས་ཡིན་པ་དང་། དབྱང་གཉིས་སོལ་འགྱུར་ཏུན་ཁྲི856དང་དབྱང་གཉིས་མུ་སི་འགྱུར་ཏུན་ཁྲི8 ཐལ་རྡུལ་ཏུན་ཁྲི172སྙིགས་རོ་ཏུན་ཁྲི42བཅས་ཀྱི་འབུད་སྐྱུར་བྱེད་ཚད་ཉུང་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཁེ་ཕན་ཐོབ་པ་རེད།

བདུན།

ཉག་ཆུ་རྫོང་མགར་ར་གྲོང་རྡལ་སྡེ་ཁུལ་གྱི་ཞག་སྡོད་ལམ་ལུགས་སློབ་གྲྭ།

    ལྟ་སྦྱོང་ཚོགས་པ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་སྡེ་ཁུལ་གྱི་ཞག་སྡོད་ལམ་ལུགས་སློབ་གྲྭར་སླེབས་ཤིང་། བྱིས་པ་ཁང་ནས་སློབ་འབྲིང་བར་གྱི་གཞི་གཅིག་ཅན་གྱི་སློབ་གསོ་གླིང་ཁུལ་འདིར་སློབ་མ4500ལྷག་ཤོང་བ་དང་། སློབ་གྲྭ12ཡོད་པའི་དེང་རབས་ཅན་གྱི་སློབ་གསོ་གླིང་ཁུལ་ཞིག་ཡིན། འདི་དག་ནི་མ་གཞིར་གྲོང་ཁྱེར་ཆེན་པོ་དང་འཕེལ་རྒྱས་ས་ཁུལ་དུ་ཡོད་པའི་སློབ་གསོ་འདུ་ཚོགས་དེ་དེ་རིང་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་ལྟ་སྦྱོང་ཚོགས་པའི་མཐོང་ལམ་དུ་མངོན།

ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།

   ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གསུངས་དོན། སློབ་གསོ་འཕེལ་རྒྱས་གཏོང་བ་ནི་མི་རབས་ནས་མི་རབས་དབུལ་ཕོངས་མི་འགྱུར་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། དམངས་འཚོའི་རྨང་གཞི་གསར་བརྟན་བྱེད་པའི་གནད་འགག་ཆེ་བའི་བྱེད་ཐབས་ཤིག་ཡིན་པས། མི་རིགས་སློབ་གསོ་བྱ་གཞག་འཕེལ་རྒྱས་ཡོང་བར་ཤུགས་སྣོན་ཞིང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུར་ཤུགས་བརྒྱབ་པ་དང་། སློབ་གྲྭ་འཛུགས་པའི་ཆ་རྐྱེན་ལེགས་བཅོས་བཏང་བ། དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུར་དོ་སྣང་བྱས་ནས་སློབ་གསོའི་འཇམ་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱིས་སློབ་གསོ་དང་སློབ་ཁྲིད་སྤུས་ཚད་དངོས་སུ་ཇེ་མཐོར་གཏང་དགོས།


  • ལེ་ཚན་སྔོན་མ།:ཝང་ཏུང་མིང་གིས་བཀོད་འདོམས་པུའུ་ཡི་ཐེངས་དང་པོའི་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ།
  • ལེ་ཚན་རྗེས་མ།:འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།
  • དོ་སྣང་ཆེ་བའི་རྩོམ།