ཁྱེད།

མཚོ་ཐར།        2020-06-30

   འགྱུར་ལྡོག་ཆེ་བའི་དབྱར་ཁའི་ནམ་མཁའ་ནི་དྲོ་ཞིང་དྭངས་ལ་སྐབས་འགར་སྤྲིན་ནག་འཁྲིགས། དྲོད་ལམ་ལམ་གྱི་ལྭ་བ་ཅི་འདྲའི་མཐུག་པོར་གྱུར་ན་ཡང་། སྔར་བཞིན་འཁྱག་སིབ་སིབ་ཀྱི་སྣང་བ་སྟེར་ཞིང་ཁྱེད་ཀྱི་བྱམས་བརྩེ་རང་དབང་མེད་པར་དྲན་པའི་ངོགས་སུ་ཤར།

    ཆར་བ་ཤག་ཤག་འབབ་པའི་ཉིན་མོ་འདིར། ཁྱེད་ཀྱིས་ཀུ་རེ་དང་གནའ་གཏམ་གླེང་བ་སོགས་ངའི་མིག་ལམ་དུ་ཤར་བྱུང་། ངའི་སེམས་ནི་རྟ་ཕོ་གཤོག་ཐོག་ཞིག་དང་འདྲ་བར་ཁྱེད་ཀྱི་ཕྱོགས་སུ་རྒྱུག ངས་ཁྱེད་དང་མཉམ་དུ་ཁ་མཚར་རྩེ་འདོད། འོན་ཀྱང་། ཅུང་ཙམ་འགོར་རྗེས་ངས་དེ་དག་ཐམས་ཅད་འཕྲུལ་སྣང་ཁོ་ན་ཡིན་པ་རྟོགས། ཁྱེད་ནི་སྔ་མོ་ནས་མི་ཡུལ་དང་ཁ་བྲལ་ནས་ཡུལ་གཞན་ཞིག་ཏུ་སོང་ཟིན་པ་ཤེས། ཁྱེད། ད་ལྟ་ཡུལ་ཕྱོགས་གང་ན་ཡོད། སྐབས་འདིར་ཁྱེད་རང་དྲན་ཐེངས་རེར་ངས་རང་དབང་མེད་པར་སེམས་ནང་གི་སྙིང་གཏམ་ཡོད་ཚད་ཁྱེད་ཀྱི་སྙན་ལམ་དུ་བརྗོད་ན་འདོད། སྨྲེ་སྔགས་ཀྱི་མིག་ཆུ་ཡང་བཞུར་ན་འདོད། ངས་དངོས་གནས་ཁྱེད་རང་དྲན་བཞིན་ཡོད།

    ཁྱེད་རང་འཇིག་རྟེན་འདིར་གནས་སྐབས། ང་ནི་རེ་བ་དང་སྤྲོ་སེམས་ཀྱི་ཁྲོད་ནས་ཁྱེད་དང་མཉམ་དུ་འཚར་ལོངས་བྱུང་བ་ཡིན། ཡིན་ཡང་། ཁྱེད་འཇིག་རྟེན་འདི་དང་ཁ་བྲལ་བའི་ཉིན་དེ་ནས་བཟུང་ངའི་རེ་བ་དང་འདུན་པ་ཡོད་ཚད་དོན་སྙིང་མེད་པར་གྱུར་ཞིང་། སྔར་ཡོད་ཀྱི་སྤྲོ་སྣང་དང་རེ་བ་ཡོད་ཚད་ནམ་མཁའི་འཇའ་ཚོན་བཞིན་ཡལ། ངས་ཁྱེད་རང་དུས་རྟག་པར་སེམས་ལ་ཉར་ཡོད་པ་ཁྱེད་ཀྱིས་ཨེ་ཤེས། གལ་ཏེ་ཁྱེད་རང་ད་དུང་འཇིག་རྟེན་འདིར་གནས་གྱུར་ན། ངས་བསམ་ན་ང་ནི་སྤྲོ་སྣང་དང་རེ་མདུན་གྱིས་ཁེངས་པའི་བྱིས་པ་པྲ་ཆལ་ཞིག་ཡིན་སྲིད་ལ། ནམ་རྒྱུན་ཁྱེད་རང་གི་བྱམས་བརྩེ་དང་རོགས་རམ་འོག་འཚར་ལོངས་བྱུང་བའི་བྱིས་པ་ལས་ཅན་དེ་ཡིན་སྲིད། འོན་ཀྱང་དེ་ལྟར་བྱེད་མ་ཐུབ་པར་ཁྱེད་རང་ཚེ་ལས་འདས། ཡིན་ནའང་ངས་སྒྲུབ་ཐུབ་པ་ནི་ཉིན་དེ་རིང་ནས་བཟུང་ཁྱེད་ཀྱི་གསུང་བའི་ཞལ་ཏ་དང་བསླབ་བྱ་ཡོད་ཚད་སེམས་ལ་རྡོ་བརྐོས་རི་མོ་བཞིན་ནམ་ནམ་ཞར་ཞར་དུ་སེམས་ལ་བཟུང་ནས་མ་འོངས་པར་ཁྱེད་དང་འདྲ་བར་ཡ་རབས་ཚུལ་ལྡན་དང་། རང་ལས་གཞན་གཅེས་ཀྱི་སེམས་ཡོད་པའི་མི་བུ་ཞིག་བྱེད་ངེས་ཡིན།

    མཇུག་མཐར་ངས་སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་ཡང་ཡང་བཏབ་ནས་ཁྱེད་ཉིད་བདེ་ལྡན་དག་པའི་ཞིང་དུ་སྐྱེ་བར་སྨོན་ལམ་བཏབ་ཅིང་སྐྱེ་བ་ཕྱི་མར་ཁྱེད་དང་མཉམ་དུ་འཕྲད་པར་སྨོན།

  • ལེ་ཚན་སྔོན་མ།:སྤྲིན་ཆུང་མ།
  • ལེ་ཚན་རྗེས་མ།:གུང་ཁྲན་ལ་བསྟོད་པའི་ཚིག་ཕྲེང་ཅོ་ཀའི་དྲུག་འགྱུར།