མདོ་ཁམས་གཡུ་ཁོག་ཡུལ་གྱི་གཏམ་དཔེ་སྐོར་གཅིག

ཉི་མ་ནོར་བུས་བསྡུས།        2020-06-30

མདོ་ཁམས་གཡུ་ཁོག་ཡུལ་གྱི་གཏམ་དཔེ་སྐོར་གཅིག


     ༡

ཀ་བ་བཞིན་དུ་དྲང་དགོས། 

ཀ་རྡོ་བཞིན་དུ་བརྟན་དགོས། 

      

ཀུན་ལ་ཕན་པའི་སེམས་དགོས། 

གྲོགས་ལ་མཐུན་པའི་ཚིག་དགོས། 

      

སྐྲག་མི་དགོས་ཨ་ཕའི་རྒྱབ་རྩ་ཡོད།

ལྟོགས་མི་དགོས་ཨ་མའི་བྲོ་ཁ་ཡོད། 

      ༤

སྐམ་པོ་རྡོས་བརྡུངས།  

རློན་པ་གྲིས་བཅད།  

      ༥

སྐྱིད་དུས་མགོ་འཕང་དམའ་དགོས། 

སྡུག་དུས་མགོ་འཕང་མཐོ་དགོས། 

      ༦

སྐད་ཆ་ཉུང་རུང་མགོ་རྔ་ཚང་དགོས། 

ལུང་པ་ཆུང་རུང་རྩྭ་ཆུ་འཛོམས་དགོས། 

      ༧

སྐྱེས་པའི་མི་ལ་ཡོན་ཏན་དགོས།  

གསོས་པའི་རྟ་ལ་གོམ་པ་དགོས། 

      ༨

རྐུ་ལག་ལ་བཞག་ན་རྐུ་མི་ཤེས།

རྫུན་ཁ་ལ་བཞག་ན་བཤད་མི་ཤེས། 

      ༩

སྐབས་སུ་བབ་པའི་སྐད་ཆ་དེ།

དུས་སུ་བབ་པའི་སྦྲང་ཆར་འདྲ། 

     ༡༠

ཁ་དང་ཁོག་པ་དྲང་དགོས། 

གློ་དང་རྒྱུ་མ་གཙང་དགོས།  

     ༡༡

ཁ་སྟོང་ནང་གི་ཚིག་སྟོང་།

ལག་སྟོང་ནང་གི་ཕྱག་རྒྱ། 

     ༡༢

ཁ་གཅིག་འཁོར་ལོ་འདྲ་འདྲ། 

གྲོས་གཅིག་རྒྱ་མ་འདྲ་འདྲ། 

      ༡༣

ཁྱི་བརྒྱགས་ན་མི་ཟུག་དགུ་ཟིག

མི་བརྒྱགས་ན་མི་བཤད་དགུ་བཤད།

      ༡༤ 

གྲོས་བསྡུར་མི་ལ་གྱིས།   

གྲོས་ཐག་རང་གིས་ཆོད། 

     ༡༥

གངས་དང་སེང་གེ་མཐོ་སྡེབ། 

ནགས་དང་སྟག་མོ་བཙན་སྡེབ། 

     ༡༦

རྒྱུ་ཡོད་རྒྱུ་ཡི་གཡོག་པོ། 

རྒྱུ་མེད་སྡེ་བའི་གཡོག་པོ། 

      ༡༧

རྒྱུ་འབྲས་མེད་ན་ཚེ་རོགས་དཀའ། 

ལས་འཕྲོ་མེད་ན་ཕྲུ་གུ་དཀའ། 

     ༡༨

གངས་ཏི་སེ་ཉི་མས་མི་ཞུ། 

བྱ་རྨ་བྱ་དུག་གིས་མི་ཤི

     ༡༩

རྒྱུ་དངོས་པོ་གསོག་རྒྱུ་ཉུང་ན་དགའ། 

བློ་ཤེས་རིག་སློབ་རྒྱུ་མང་ན་དགའ། 

     ༢༠

གོམ་པ་མ་སྤོས་གླིང་བཞི་སྐོར་མི་ཐུབ། 

ཆུ་ཐིགས་མ་བསགས་རྒྱ་མཚོ་ཆགས་མི་སྲིད།  

     ༢༡

གོས་ལུས་དང་བསྟུན།   

གཏམ་གྲོགས་དང་བསྟུན། 

     ༢༢

རྒྱ་མཚོ་འགྲམ་དུ་བཞག་ནས། 

ཀོ་གྱོང་མཆིལ་མས་སྦང་། 

     ༢༣

རྔ་མོང་ཆེ་ཡང་སྒོ་ཟོག 

རི་བོང་ཆུང་ཡང་རི་དྭགས། 

     ༢༤

ངན་པ་བརྒྱག་ན་སྐད་གསང་མཐོ། 

མ་རབས་མཐོ་ན་ཀུན་ལ་སྡང་། 

     ༢༥

གཅེས་ཕྲུག་ངུས་ན་དགའ་ནད་རེད། 

འུག་པ་ངུས་ན་སྡུག་ནད་རེད། 

     ༢༦

ཆབ་སྔོན་མོ་ཁ་ཞེང་ཆེ་ན་ཡང་། 

གྲུ་བཟང་པོས་ཕར་བཅད་ཚུར་བཅད་རེད། 

     ༢༧

ཆོས་སྙིང་རུས་ཅན་དེ་རྫོགས་སངས་རྒྱས། 

ལས་སྡུག་རུས་ཅན་དེ་འབྱོར་བ་ལྡན།  

     ༢༨

ཆུ་ཆེན་བརྒལ་བར་རབ་རྒྱུས་ཡོད་དགོས། 

དོན་ཆེན་བསྒྲུབ་པར་བློ་རྒྱ་ཡོད་དགོས། 

     ༢༩

ཆང་འཐུང་རོགས་ཡོད་ན་སྣང་བ་སྐྱིད། 

གཏམ་བཤད་རོགས་ཡོད་ན་བཤད་འདོད་ཆེ། 

     ༣༠

ཆང་འཐུང་ན་བཟི་དགོས། 

དུག་འཐུང་ན་ཤི་དགོས། 

     ༣༡

འཇམ་པོ་གྲི་ཡིས་མི་ཆོད།  

ཡང་མོ་ཕྲག་ལ་མི་ལོན།   

     ༣༢

ཇ་ཚྭ་མེད་འཐུང་ན་མྱིད་པ་ཚིག 

གཏམ་ཕུགས་མེད་བཤད་ན་རྫུན་ལ་འགྱུར། 

     ༣༣

ཉལ་ཁ་ཆུ་མ་མང་། 

ཤི་ཁ་གཏམ་མ་མང་།  

     ༣༤

ཉིན་གྱི་ཉི་མ་དྲོ་དགོས། 

མཚན་གྱི་ཟླ་བ་བསིལ་དགོས།  

     ༣༥

གཉིད་ཚོད་རང་གིས་མ་བཟུང་ན། 

གཏི་མུག་གཉིད་ལ་ཟད་མཐའ་མེད།  

     ༣༦

ཉེས་པ་རྐུན་མའི་ཆེ་ཙམ་མེད། 

བཤད་རྒྱུ་རྐུན་མའི་མང་ཙམ་མེད། 

     ༣༧

གཉོམ་ཆུང་སྟེང་ལ་བཙན་པོ། 

ཤིག་གི་སྟེང་ལ་སྟ་རེ།  

     ༣༨

གཏམ་ཐག་ཐུང་ན་ཉན་བདེ། 

ཡོབ་ཐག་ཐུང་ན་བཞོན་བདེ།  

     ༣༩

རྟོགས་པ་ལྷ་དང་མཉམ་ཡང་། 

སྤྱོད་པ་མི་དང་མཐུན་དགོས། 


མདོ་ཁམས་གཡུ་ཁོག་ཡུལ་གྱི་གཏམ་དཔེ་སྐོར་གཅིག

   ༤༠

རྟ་བཟང་པོས་ལམ་རྩྭ་མི་ཟ། 

མི་བཟང་པོས་རྐུན་ཟས་མི་ཟ། 

    ༤༡

རྟ་མེད་ན་ས་ཐག་མི་ཆོད། 

སྒ་མེད་ན་ཨོང་ཤས་མི་བཟོད། 

     ༤༢

ཐང་གའི་རི་མོ་སྔོན་ནས་ཡག 

ངོ་བསྟོད་སྐད་ཆ་ཉན་ཚེ་སྤྲོ། 

      ༤༣

ཐད་ནས་བལྟས་ན་གླེན་པ་མཁས། 

ལག་ཏུ་བླངས་ན་མ་སེམས་སྡུག 

      ༤༤

མཐོ་འདོད་ན་དམའ་ས་འཛིན་དགོས། 

རྒྱལ་འདོད་ན་ཕམ་ཁ་ཁུར་དགོས། 

     ༤༥

བསམ་ངན་མ་ཎི་འདོན་པ་ལས། 

བསམ་དཀར་ཁ་རོག་བསྡད་ན་དགའ། 

      ༤༦

ས་ནག་པོ་འདོམ་ལ་འཇལ། 

སྤྲིན་དཀར་པོ་ཐོད་ལ་གཏད། 

      ༤༧

རང་བརླག་སྤྱད་ལ་རོགས་མི་དགོས། 

བསྟན་པ་བཤིག་སྤྱད་ལ་སྟ་རེ་མི་དགོས། 

      ༤༨

རང་སེམས་རྣལ་དུ་ཕབ་ནས་འདང་རྒྱོབས། 

ཕྱིང་དཀར་ཐང་ལ་བཀོད་ནས་ཐིག་རྒྱོབས། 

      ༤༩

ཨ་ཆེན་ཐང་ནས་རྟ་བརྒྱུག་ན། 

རི་ཁྲོད་བླ་མའི་ཨོང་འགོ་གཟེར་དོན་མེད།  

      ༥༠

བསམ་དཀར་ཚིག་ལ་ཉན་དགོས། 

ངན་སོང་སྡིག་པ་སྤང་དགོས།  

      ༥༡

ཆོས་ཕྱོགས་རིས་མེད་ན་བླ་མ་ཡིན།  

ཁྲིམས་མངོན་ལྐོག་མེད་ན་དཔོན་པོ་ཡིན།

      ༥༢

གོས་གོང་བ་མེད་ན་བཟོ་འཕྲོ་རེད།   

གྲི་ཡུ་བ་མེད་ན་བརྡུང་འཕྲོ་རེད།  

      ༥༣

རྒྱུ་མེད་ན་མི་ཡིས་སྡང་།  

གོས་མེད་ན་ཁྱི་ཡིས་སྡང་།

      ༥༤

རྒྱུ་འགྲོ་ས་རྒྱལ་པོའི་བང་མཛོད། 

ཆུ་བཞུར་ས་ལུང་པའི་སུམ་མདོ།  

      ༥༥

ལྷ་པས་མི་གསུང་དགུ་གསུང་།  

གསུང་ཕྱག་མོ་མི་འབབ་དགུ་འབབ། 

     ༥༦

བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས།  

བློ་རྩེ་ཉི་ཤུ་རྩ་ལྔ་ཁོད། 

     ༥༧

ལོ་ངན་བྱུང་ན་ལོ་གཅིག  

གཏམ་ངན་བྱུང་ན་ཚེ་གཅིག  

     ༥༨

ཟས་ཟོས་ན་ཕོ་བས་ཞི་དགོས། 

གཏམ་བཤད་ན་གདེང་ཚོད་ཡོད་དགོས།  

     ༥༩

ཟས་རིག་ཚད་ཟོས་ན་ཁྱི་ཕག་རེད། 

གཏམ་གོ་ཚད་བཤད་ན་སྨྱོན་པ་རེད། 

     ༦༠

ཝ་རྔ་མ་དྲུད་དེ་བྲོས་པ་ལས།  

སྟག་འཛུམ་དྲུག་ཉི་ལེར་ཤི་ན་དགའ། 

      ༦༡

མེ་དམར་པོ་ལས་ཀྱང་ཁ་ཚ།

ཆུ་སྔོན་མོ་ལས་ཀྱང་བང་མགྱོགས།

      ༦༢

སྟག་གི་རྔ་མ་མ་བཟུང་དགོས།  

བཟུང་གི་ཉིན་མོ་མ་ཤོར་དགོས། 

      ༦༣

མི་ལ་དགོས་པ་ཡོན་ཏན་ཡིན།  

ཤིང་ལ་དགོས་པ་ལོ་འབྲས་ཡིན། 

     ༦༤

མེ་ཏོག་ཁ་དོག་ཕྱི་ནས་གསལ།  

གཏམ་གྱི་གོ་བ་གཏིང་ནས་གོ

      ༦༥

མེ་ཆེན་རྩ་བ་ཤིང་ལ་ཐུག 

ཆུ་ཆེན་རྩ་བ་གངས་ལ་ཐུག 

      ༦༦

མི་ཆེན་ཁོག་རྒྱ་ཆེ་དགོས།  

རི་ཆེན་འགྱང་ཁུང་དྲོ་དགོས། 

      ༦༧

མི་ཆུང་བསམ་པའི་སེམས་དཀར། 

རྡོ་ཆུང་བརྩིགས་པའི་མཁར་དཀར། 

       ༦༨

མི་ངན་ལ་བཟང་བྱེད་པ་ལས། 

ཁྱི་ངན་ལ་ལྟོ་བླུད་ན་དགའ།  

       ༦༩

མི་ཡིས་མི་འདོད་པ་བརྙས་བཅོས།   

རྟ་ཡིས་མི་འདོད་པ་ལུང་ལྕག   


མདོ་ཁམས་གཡུ་ཁོག་ཡུལ་གྱི་གཏམ་དཔེ་སྐོར་གཅིག


       ༧༠

མི་སུམ་ཅུ་ལ་བསམ་པ་སུམ་ཅུ།  

མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ། 

       ༧༡

མི་བཤད་ཁ་མེད་ས་མཐའི་སྤྲང་པོ།  

མི་ངུ་ཁ་མེད་བཅོ་ལྔའི་ཡུག་ས། 

      ༧༢

མེད་པོའི་བུ་ལ་རྒྱུ་འཛོམས་ན།  

ཕྱུག་པོའི་སྙིང་ལ་གཅོང་ནད་ལྡང་།  

       ༧༣

མེ་ཆུང་ཆུང་གིས་རི་བོ་འབར། 

ཆུ་ཆུང་ཆུང་གིས་ལུང་པ་བཀང་།  

       ༧༤

གཡང་དཀར་ལུག་ལ་ཤ་རྒྱས་ན།   

རི་སྤྱང་སྔོན་མོའི་ཁ་ཤ་འདར།   

       ༧༥

མི་མི་འགྲོ་གླ་བའི་སྲང་ལམ།  

ཁྱི་མི་འགྲོ་གད་པའི་ཁུག་སོ། 

       ༧༦

ཕོ་བརྒྱའི་ནང་གི་མོ་གཅིག་སྐྱིད།   

མོ་བརྒྱའི་ནང་གི་ཕོ་གཅིག་སྡུག 

      ༧༧

ཕྱི་བཀྱིག་ཨ་ལོང་འདྲ་འདྲ། 

ནང་བཀྱིག་གྲུ་གུ་འདྲ་འདྲ།  

      ༧༨

དཔའ་རང་ལ་ཡོད་ན་མ་ངོམ།  

མཚང་མི་ལ་ཡོད་ན་མ་འབྲུ།  

      ༧༩

ནངས་སྔ་ལངས་ཚང་ལ་གྲོགས་ཡོད།  

དགུང་ཕྱི་ཉལ་ཚང་ལ་གྱོང་ཡོད། 

     ༨༠

བདེ་སྡུག་ཞུ་ས་དཔོན་པོ།  

དགེ་སྡིག་ཞུ་ས་བླ་མ། 

     ༨༡

སྡེ་མགོ་མི་ནོན་དཔོན་པོ་ལས།  

བྱང་ཡངས་བའི་ཐང་གི་ལུག་རྫི་སྐྱིད།  

      ༨༢

དད་པའི་ཨ་ལོང་མེད་ན།  

ཐུགས་རྗེས་ལྕགས་ཀྱུས་མི་འཛིན།  

      ༨༣

ཐག་རིང་འགྲོ་དུས་རྟ་ཕོ་བཟང་དགོས།   

ཡུན་རིང་འགྲོགས་དུས་མི་གཤིས་བཟང་དགོས། 

      ༨༤

འགྲོ་འདོད་ན་རྟ་ཕོ་ཆས་ཀྱིས་གསོས།  

སྐྱིད་འདོད་ན་རྒན་པོའི་ཆུང་མ་གྱིས།  

      ༨༥

དཔའ་པོས་དཔའ་ཚོད་མ་ཟིན་ན། 

སྡར་མའི་ལག་ལ་འགྲོ་འདོད།  

     ༨༦

ཐང་བདེ་ན་ཨ་ལ་ཐ་ལ། 

འགག་དོག་ན་ཨོ་རྒྱན་པདྨ། 

      ༨༧

གཏམ་ཚོགས་སའི་མི་མེད། 

ཆུ་ཚོགས་སའི་སྣོད་ཡོད། 

       ༨༨

གཏམ་དང་བྱ་བ་ཉུང་ན་བཟང་། 

ཟས་དང་མགྲོན་པོ་མང་ན་དགའ། 

      ༨༩

གཏམ་སྙན་ན་ཉན་ནི་མང་། 

ཟས་ཞིམ་ན་བཟའ་ནི་མང་། 

      ༩༠

རྟ་རྒོད་བཏུལ་ས་ན་བ། 

མི་རྒོད་བཏུལ་ས་བཙོན་ར།  

      ༩༡

ཉི་ཟླ་གློ་ཟུང་བཏགས་བཏགས།  

དགུ་ཚིགས་སྐ་རགས་བཅིང་བཅིང་།  

      ༩༢

འཇིག་རྟེན་རྒྱ་ཆེ། 

སེམས་ཅན་གྲངས་མང་། 

      ༩༣

རྒྱ་མཚོའི་གླིང་དུ་མ་ཕྱིན་ན། 

ཡིད་བཞིན་ནོར་བུ་གང་ནས་རྙེད།   

      ༩༤

རྒོད་པོ་མཁའ་ལ་འཕུར་ཡང་།

གྲིབ་མ་ས་ལ་ཕོག་ཡོད། 

       ༩༥

གྲོགས་ངན་པ་དུག་གི་སྡོང་པོ་རེད། 

གྲོགས་བཟང་པོ་སྨན་གྱི་ལྗོན་ཤིང་རེད།  

       ༩༦

བརྒྱགས་པས་ཆོས་དྲན། 

ལྟོགས་པས་རྐུ་དྲན།  

       ༩༧

སོས་ཀའི་ལུག་དེ་ནད་པ་འདྲ།  

ལུག་རྫི་བཟང་པོ་སྨན་པ་འདྲ།  

       ༩༨

ས་ལུང་པ་རེ་ལ་དཔེ་རེ་ཡོད།  

ཞིང་ཆུ་མ་རེ་ལ་རྐ་རེ་ཡོད།  

      ༩༩

ལོ་བརྒྱ་ཐུབ་པའི་མི་མེད།  

བསྐལ་བ་སྟོང་གི་ཚིག་ཡོད།  


  • ལེ་ཚན་སྔོན་མ།:དྲུག་བྲོ་མ་དང་བྱ་བྲོ་དགུ་བརྡུང་གཉིས་གླེང་བ།
  • ལེ་ཚན་རྗེས་མ།:འབའ་ཐང་གི་དམངས་ཁྲོད་གཞས་མོ།