བརྩེ་དུང་གི་རང་སྒྲ།

ལྷ་སྲས་གཞོན་ནུ།        2020-06-29

འཇིག་རྟེན་ཁྲ་ཁྲ་ཡི་ཟློས་གར་ལམ་ནས།།

མི་ཚོགས་བགྲང་ཡས་ཀྱི་འཚང་ཁ་རྒོད་ཀྱང་།།

ཁྱོད་དང་འུ་གཉིས་འདི་ག་རུ་འཛོམས་པ།།

སྐྱེ་སྔོན་བསགས་སྦྱང་གི་ལས་འབྲས་མིན་ནམ།།

དབྱར་ཟླ་ལྔ་པ་ཡི་མེ་ཏོག་བཀྲ་དུས།།

གསེར་སྦྲང་བུ་མོ་ཡི་གཞས་ཆུང་སྙན་ཡོང་།།

ཡིད་མཐུན་དགའ་མ་འདི་དྲན་ཐེངས་རེ་ལ།།

སྙིང་ཆུང་དམར་པོ་ལ་ཚོར་བས་གཙེ་ཡོང་།།

སྐྱིད་སྡུག་མ་ངེས་འདི་བྱས་པའི་ཆོས་ཡིན།།

འཛོམས་པ་བྲལ་འགྲོ་དེ་སྲིད་པའི་དཔེ་རེད།།

ལས་དབང་བཟློག་མེད་ཀྱིས་འཛོམས་དགོས་བྱུང་ཡང་།།

གྱེས་དགོས་ཐབས་མེད་དེ་ལས་ཀྱིས་བྱས་ཡོང་།།

དབང་མེད་བཀོད་སྒྲིག་དེ་ལས་ལ་ལན་ཡང་།།

མཉམ་འཛོམས་འདུན་པ་ལ་ལྷོད་ཡངས་མ་བྱུང་།།

སེམས་དང་བསམ་པ་འདི་ལྷུན་པོའི་ཡན་ཡིན།།

རྡོ་བརྐོས་རི་མོ་ཞེས་དཔེ་རུ་ངས་འགོད།།

ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ཁྲོད་ནས།།

འདུན་པའི་རྩེ་མོ་དེ་ཁྱེད་ལ་ཕྱོགས་ཡོད།།

ཉིན་མཚན་བར་མེད་ཀྱི་ཚོར་བའི་གཞུང་ལ།།

དྲན་པའི་མེ་ཏོག་ཁྱེད་མངོན་པར་བཀྲ་འདུག།




  • ལེ་ཚན་སྔོན་མ།:ཕུགས་རེ།
  • ལེ་ཚན་རྗེས་མ།:སྤྲིན་ཆུང་མ།