བོད་ཀྱི་སྤོས་སྐྱོད་སྡོད་ཁང་སྦྲ་ནག་གླེང་བ།(1)

ཟི་ལིང་།སྦྲ་ནག་པ་ལྷ་དཔལ་རྒྱལ།    མང་ཚོགས་སྒྱུ་རྩལ་དུས་དེབ་ལས་དྲངས།    2011-06-01

བོད་ཀྱི་སྤོས་སྐྱོད་སྡོད་ཁང་སྦྲ་ནག་གླེང་བ།

གླེང་གཞི།
བོད་དེང་རབས་སྤྱི་ཚོགས་སྟེང་མ་ཉམས་སོར་ཆུད་ཀྱི་སྲོལ་རྒྱུན་རིག་གནས་མང་ཆེ་ཤོས་ཤིག་གནའ་བོའི་བོད་བཙན་པོའི་སྤྱི་ཚོགས་ཀྱི་དམག་དོན་དང་འབྲེལ་བ་གཏིང་ཟབ་མོ་ཡོད་ལ།སྐབས་དེའི་དམག་དོན་ཐད་མེད་མི་རུང་བའི་གོ་གནས་གལ་ཆེན་ཞིག་ཀྱང་བཟུང་ཡོད།དཔེར་ན་དེང་དུས་ཨ་མདོའི་འབྲོག་ཁུལ་གྱི་རི་བསང་གཏོང་བ་དང་ལབ་ཙེ་བསྟོད་པ།དར་ལྕོག་འཐེན་པ་སོགས་ཡིན།དེ་དག་ལས་གཞན་ད་དུང་དེ་རིང་གི་བརྗོད་གཞིར་བབས་པའི་སྦྲ་ནག་ཀྱང་སྐབས་དེའི་ཁྲོད་ལོ་རྒྱུས་ཀྱི་གོ་གནས་ངེས་ཅན་ཟིན་ཡོད་པའི་དམག་མིའི་ཡོ་བྱད་གལ་ཆེན་ཞིག་ཡིན《ཐང་ཡིག》ལས་ “གྲུ་གུ་ཡུལ་གྱི་ཨོང་དུ་མན་ཆད་དུ།།བོད་ཀྱི་དམག་དཔུང་སྦྲ་ནག་ཕུབ་ནས་ནི།།”ཞེས་པ་ལས་ཀྱང་ཤེས་ཐུབ།ལོ་རྒྱུས་ཡིག་ཆ་མང་ཤོས་སུ་མདོ་སྨད་ཨ་མདོ་བ་དག་ནི་བོད་མཙན་པོའི་དུས་སྐབས་ཀྱི་མཐའ་མཚམས་སྲུང་བའི་དམག་དཔུང་དུ་ངོས་འཛིན་མོད།སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བྲིས་གནང་མཛད་པའི་《བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ》དུ་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་དག་གི་ཚུར་རྒོལ་གྱི་དབང་གིས་གནས་ངེས་མེད་དུ་སྤོ་དགོས་བྱུང་བ་དང་རིམ་གྱིས་དེ་ནི་འབྲོག་པ་མང་ཚོགས་ཀྱིས་རྩྭ་ཆུ་སྙེག་ནས་འཚོ་བ་རོལ་བའི་སྲོལ་དུ་ཆགས་པར་སྒྲུབ་པ་ལ་གཞིགས་ན་ཡང་སྦྲ་ནག་གི་རིན་ཐང་གལ་ཆེན་དེ་ང་ཚོས་གསལ་བོར་ཤེས་ཐུབ།
དང་པོ།བོད་ཀྱི་ཐོག་མའི་སྡོད་ཁང་པགས་པའི་གུར།
འབྲེལ་ཡོད་ལོ་རྒྱུས་ཡིག་ཚགས་སུ་སྦྲ་ནག་གི་མིང་ཙམ་གླེང་ཡོད་པ་ལས་གཞན་དུས་ནམ་ཞིག་ལ་དངོས་སུ་དར་འགོ་ཚུགས་པའི་ལོ་རྒྱུས་ཀྱི་ཁུངས་དག་མ་ཞིག་མ་མཆིས་ལ་གཟས་ནས་འདིར་དཔྱད་པ་བགྱི་བའི་ཞིབ་འཇུག་པའང་ད་ལྟའི་བར་དུ་གཅིག་ཀྱང་མེད།ཁོ་བོས་བསམ་ན་བོད་དུ་རྡོ་ཆས་གསར་བའི་དུས་སྐབས་ནས་བཟུང་སྦྲ་ནག་ཡོད་སྲིད་པར་འདོད་ལ་སྐབས་དེའི་སྦྲ་ནག་ནི་དེང་དུས་འདི་བཞིན་སྒྲིག་གཞི་ཚགས་དམ་ཞིང་རེ་ལྡེ་ཡི་ཁ་གྲངས་བསྒྲིགས་ནས་བཟོས་པ་ཞིག་གཏན་ནས་མ་ཡིན།དེ་མིན་ད་དུང་ཆོན་ཐག་གིས་ཡོངས་སུ་བསྐོར་བའི་ས་སྲི་ལ་མི་གནོད་པའི་སྦལ་གཟུགས་ཀྱི་དབྱིབས་སུ་གཏན་ནས་བཟོས་མེད།《བཀའ་ཆེསས་ཀ་ཁོལ་མ》ལས་ “རྗེ་གཉའ་ཁྲི་བཙན་པོ་དེ་ཡར་ལུང་བཙན་ཐང་སྒོ་བཞིར་ཆགས་ཕེབས་ནས་ཕོ་བྲང་བཏབ་པ་ཡིན།ཕོ་བྲང་ནི་ས་དང་རྡོ་ལ་མ་བརྩིགས།རི་དྭགས་ཤྭ་བ་དང་འབྲོང་།གཅན་གཟན་སྟག་གཟིག་པགས་པ་ལ་གུར་དུ་ཕུབ་ནས་བྱས་པ་ཡིན་ནོ།།”ཞེས་པ་ལ་གཞིགས་ནས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་པགས་པ་སོགས་ཀྱིས་བཟོས་པའི་གུར་དུ་སྡོད་པའི་སྲོལ་ཆགས་ཡོད་ལ་དེའི་སྔོན་ནས་བཟུང་གུར་དུ་སྡོད་པའང་རང་ཤུགས་ཀྱིས་རྟོགས་ཐུབ་པས་སྦྲ་ནག་གི་ཐོག་མའི་དར་ཁུངས་དེ་ལས་ཀྱང་སྔ་བ་ཤེས་ཐུབ།ཡང་སྙིང་སྦྲ་ནག་གི་ཐོག་མ་དེ་དུས་ནམ་ཞིག་ལ་བོད་དུ་དར་བ་ཡིན་ནམ་ཞེ་ན།《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ》ལས། “དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ།ཡུལ་གྱི་མིང་ཡང་བཟངས་ཡུལ་རྒྱན་མེད་བྱ་བར་བཏགས།ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་།།གཉིས་པ་རེ་ལྡེ་མགོ་གཡག(ནམ་མཁའི་ནོར་བུས་བརྩམས་པའི་《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས་བདུད་ཀྱི་རྗེ་དཔོན་རེ་ལྡེ་ནག་པོ་གོས་སུ་གྱོན་ཅིང་ཞལ་གདོང་གཡག་གི་མགོ་འདྲ་བར་ཡོད་པ་ཞིག་གི་མིང་ཡིན)བདུད་ཀྱིས་བྱས།།ཡུལ་གྱི་མིང་ཡང་བདུད་ཡུལ་གླིང་དགུ་ཟེར།”དེ་མིན་ད་དུང《བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ》དུ།སྤྱི་ལོ1959ལོར་མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོང་ས་ཆེན་མོ་རུ་བོད་གནའ་རབས་ཀྱི་ནོར་རྩིད་ཀྱིས་འཐག་པའི་རེ་ལྡེ་ཚོས་མདོག་དམར་པོ།སེར་པོ་ཅན་སོགས་དང་དེ་མིན་མིའི་དབྱིབས་ཅན་སོགས་མང་པོ་ཞིག་རྙེད་པ་ནི་ཧ་ལམ་ད་ལྟའི་བར་དུ་ལོ་སུམ་སྟོང་ཡན་གྱི་ལོ་རྒྱུས་ལྟར་གནའ་རྫས་བརྟག་དཔྱད་པས་བརྟག་དཔྱད་ལས་ཐོན་པ་སོགས་གསུངས་པ་ལྟར་ན་བོད་ཡ་ཐོག་སྤྱི་ཚོགས་སུ་རེ་ལྡེ་བྱུང་ཡོད་ན་ཡང་།སྐབས་དེའི་རེ་ལྡེ་ཡི་སྤྱོད་སྟངས་ནི་གྱོན་ཆས་ལས་གཞན་གུར་དུ་བཀོལ་སྤྱོད་བྱེད་ཀྱིན་མེད།བོད་ཀྱི་ཡོ་བྱད་དང་མཁོ་ཆས་མང་ཆེ་ཤོས་ཤིག་པགས་ལས་བཟོས་པ་འདི་ཡང་བོད་གནའ་རབས་ནས་བཟུང་པགས་པ་བཀོལ་སྤྱོད་བྱས་པ་ལས་བྱུང་བ་ལོས་ཡིན་སྙམ།དཔེར་ན་འབྲོག་ཁུལ་དུ་བཀོལ་རྒྱ་ཆེ་བའི་སྒྱོ་བ་དང་འབྲེང་བ་སློག་པ།འུར་ཆ་སོགས་ནི་པགས་པས་བཟོས་པ་ཅུང་མང་།དེ་མིན་སྔོན་དུས་སྐྱི་ལྤགས་ཀྱིས་བཟོས་པའི་རྐང་སྣམ་སོགས་གྱོན་པ་རྒྱུན་འབྱམས་ཡིན་པ་ལས་ཀྱང་རེ་ལྡེ་ནི་སྔ་མོ་ནས་བྱུང་ཡོད་ན་ཡང་བཀོལ་སྤྱོད་ཀྱི་གཞིག་རྒྱ་ཆེ་བ་ནི་སྔར་བཞིན་པགས་པའི་རིགས་ཡིན།བོད་ཡ་ཐོག་སྤྱི་ཚོགས་སུ་མི་རྣམས་སྡོད་པའི་གུར་ནི་པགས་པ་དང་སྡོང་ལོས་བཟོས་པ་ཡིན་ལ།དེ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཡང་འབྲེལ་བ་ཡོད་པ་རེད།
གདོད་མའི་མིའི་རིགས་ནི་གཙོ་བོ་རྔོན་ལས་ལ་བརྟེན་ནས་འཚོ་བ་རོལ་བ་ཡིན་ལ།ཐོན་སྐྱེད་ལས་རིགས་མང་པོ་ཞིག་ཀྱང་སྐབས་འདི་ནས་བཟུང་དར་འགོ་ཚུགས་པ་རེད།ཁོ་ཚོས་ཐོག་མར་ཐོན་སྐྱེད་བྱས་པ་ནི་གཅན་གཟན་སྣ་ཚོགས་ཀྱི་པགས་པས་བཟོས་པའི་གུར་འདི་ཡིན་ལ།དེ་ནི་བོད་ཀྱི་སྡོད་ཁང་ཐོག་མ་ཡང་ཡིན།པགས་པའི་རིགས་ཀྱི་གུར་དེ་ནི་དེང་དུས་བོད་སྤྱི་ཚོགས་སུ་སྤྱོད་པའི་སྦྲ་ནག་གི་རྨང་གཞིའི་གྲུབ་ཚུལ་ཡང་ཡིན་པས་ཐོག་མའི་པགས་པའི་རིགས་ཀྱི་གུར་ནི་སྦྲ་ནག་གི་དར་ཁུངས་ཆེས་སྔ་ཤོས་སུ་གཏུགས་ནས་ཡང་ནོར་བ་མེད་པ་རེད་སྙམ།
པགས་པའི་གུར་དེ་མངའ་མཛད་བཅུའི་སྐབས་ནས་བཟུང་བོད་དུ་དར་ཡོད་ལ་ཆར་ཆུས་བངས་སླ་ལ་ཉི་འོད་ཀྱིས་གྱོང་ཡང་སླ་བས་ཡང་སྐོར་བསྐྱར་སྐོར་གྱིས་ཕུབ་ན་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བ་དང་དེ་མིན་ཉི་འོད་ལྡོག་འཕྲོས་ཀྱི་ནུས་པ་ཞན་ཞིང་ནང་དུ་དབུགས་ལེན་དཀའ་བ།གྲང་རླུང་འགོག་པ་སོགས་སྐབས་དེའི་ཡུལ་གྱི་རང་བྱུང་གནམ་གཤིས་དང་མཐུན་པ་ཞིག་མིན་ན་ཡང་སྤྱི་ཚོགས་ཧ་ཅང་བདེ་འཇགས་ཡིན་ལ་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འཚེ་བ་མེད་པས་གནས་གང་རུང་ཞིག་ཏུ་གཏན་སྡོད་ཀྱིས་པགས་པའི་གུར་དེ་ཕུབ་ནས་གཉའ་ཁྲི་བཙན་པོའི་བར་དུ་འཚོ་བ་རོལ་བ་རེད།
གཉིས་པ།རེ་ལྡེ་ནག་པོའི་གུར་བོད་ཀྱི་དམག་སྒར་དུ་གྱུར་བ།

  • ལེ་ཚན་སྔོན་མ།:ཁམས་པའི་སྦྲ་གུར་གྱི་གཙུག་ནོར།
  • ལེ་ཚན་རྗེས་མ།:གནམ་སའི་བར་ན་གཟི་བྱིན་གྱི་དྲོད་རླངས་མ་ཡལ་པའི་འབྲོག་པའི་སྦྲ་ཁྱིམ།