དྲན་པའི་མིག་ཆུ།

བདུན་གཉིས་འཛིན་གྲྭ།༼ ཚེ་རིང་གཡང་འཛོམས།༽        2020-06-24

     དུས་ཚོད་ནི་མདའ་འཕངས་པ་ལྟར་བཞུད་ཅིང་། ལོ་མང་པོའི་འདས་དོན་ནི་མ་བསམ་མ་དྲན་པར་ཡིད་ནས་ཡལ་སོང་། འོན་ཀྱང་། དོན་དག་ལ་ལ་ཞིག་ནི་བདག་གི་སེམས་སུ་རྡོ་བརྐོས་རི་མོ་བཞིན་བརྗེད་ཀྱིན་མི་འདུག དོན་དེ་དག་ལས་ཆེས་སེམས་འགུལ་ཐེབས་པ་ནི། བདག་གི་ཨ་ཕྱི་ཉིད་འཇིག་རྟེན་འདི་དང་བྲལ་ནས་འགྲོ་བའི་ལོ་གཅིག་གཉིས་ཙམ་གྱི་དུས་ཡུན་ནང་རེད།

     བདག་གི་ཨ་ཕྱི་ནི་ཉམས་ཆུང་ཞིང་ལས་ཀ་གང་ཐད་ནས་ཀྱང་འབད་བརྩོན་བྱེད་མཁན་ཞིག་ཡིན། ཨ་ཕྱིའི་གཟུགས་ཅུང་ཆུང་ལ་གདོང་གི་མཁུར་ཚོས་གཉིས་ནི་ཀུ་ཤུ་དམར་པོ་ཞིག་དང་གཉིས་སུ་མ་མཆིས། དེ་བས་ཆེས་གཙོ་བོ་ནི་མོར་ལག་ལས་ཀ་ཡོད་པ་དེར་སུ་ཞིག་གིས་ཀྱང་དོ་ཟླ་མི་ཡོང་། ལོ་ན་བདུན་ཅུ་ཙམ་འགོར་ཡང་མོ་ལོ་ཆུང་གཞོན་ནུ་མ་ཞིག་དང་འདྲ་བར་ནམ་རྒྱུན་གདོང་ལ་འཛུམ་མདངས་རྒྱས་པར་ཨ་མ་དང་མཉམ་དུ་ཞིང་འདེབས་དང་ཁྱིམ་ལས་སོགས་ལ་བྲེལ།

     ཉིན་དེར། ཉིན་དེ་ནི་ནམ་རྒྱུན་དང་འདྲ་བར་ལོ་ན་རྒས་པའི་ཨ་ཕྱི་ཨ་མ་དང་མཉམ་དུ་ས་རྐོ་རུ་སོང་། སྐབས་དེ་ནི་ཏག་ཏག་ཨ་ཕྱི་ལགས་ལ་ཆམ་པ་ལྕི་མོ་ཞིག་ཕོག་པའི་དུས་ལ་འཁེལ་ཡོད་ཀྱང་། མི་འགྱང་བར་འགྲུབ་ལ་ཉེ་བའི་ངེད་ཚང་གི་ཁང་པ་གསར་བའི་ཆེད་དུ་རང་གི་ནད་གཞི་ལ་དོ་སྣང་སྤུ་ཙམ་ཡང་མ་བྱས་པར་ས་ལས་རྡོ་ལས་བྱས། གནམ་གཤིས་ཀྱི་ཚ་བ་དང་ལས་ཀའི་དཀའ་ངལ་གང་ལའང་མི་འཛེམ་པར་ས་རྐོ་ལ་འབད་གྱིན་པའི་སྐབས་ཤིག་ལ། ཨ་ཕྱིས་ལས་ཀ་གློ་བུར་དུ་མཚམས་བཞག་ནས་སྐད་ཆ་བཤད་མི་ཐུབ་པར་གྱུར། ཨ་མས་ཚུལ་དེ་མཐོང་རྗེས་ལས་ཀ་དེ་མུར་མཚམས་བཞག་ནས་བྲེལ་འཚུབ་ངང་ཨ་ཕྱི་ཁུར་ནས་ཁྱིམ་ལ་ཐོན། དེའི་རྗེས་ནས་ཨ་ཕྱི་སྨན་ཁང་ཆེ་གྲས་སུ་ཁྱེར་བ་དང་། སྐུ་རིམ་འདོན་བྱ་ཅི་འདྲ་བྱས་རུང་ཐབས་མེད་པར་མི་ཡུལ་དང་ཁ་བྲལ། ཡིན་ན་ཡང་། ལོ་ན་ཆུང་དུས་ཀྱི་ང་ལ་སྐབས་དེར་ཚོར་སྣང་ཅི་ཡང་མེད་པར་མིག་ཆུ་ཤོར་བཞིན་པའི་ཨ་མ་ལ་མཚམས་མཚམས་སུ་ཁྱེད་རང་ངུ་དོན་ཅི་ཡིན་ཞེས་དྲིས་པ་ཡིན།

     ད་ལྟ་ཕྱིར་དྲན་རེ་བྱེད་དུས་བདག་ནི་ཅི་འདྲའི་ཀླད་མེད་ཅིག་རེད་ཨང་། ངེད་ཁྱིམ་མི་གང་བོའི་ཁྲོད་ནས་ཨ་ཕྱིས་ང་རང་སུ་ལའང་མེད་པའི་རིན་ཆེན་ཞིག་ཏུ་སྒོམ་ཞིང་། ཟས་གང་ཞིམ་དང་གོས་གང་ཡག་ང་ལ་སྤྲོད་པ་ནི་བྱོལ་མེད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་ངའི་འདོད་པ་བསྐངས་མྱོང་བ་ཐེངས་གཅིག་མ་ཡིན། ཆུང་དུས་ཀྱི་ང་ནི་བྱིས་པ་གཞན་དང་བསྡུར་ན་བློ་རིག་མི་གསལ་ཤིང་དོན་གང་ཞིག་བསྒྲུབ་པར་མགོ་མཇུག་མེད་པ། བྱད་བཞིན་མི་ལེགས་ཤིང་རིག་པ་རྟུལ་བ་ཞིག་ཡིན་ན་ཡང་། ཨ་ཕྱིས་ནམ་རྒྱུན་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་ང་ལ་མ་འོངས་པར་ཁྱེད་ནི་མི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཏུ་འགྱུར་ཐུབ་པར་རང་ལ་ཡིད་ཆེས་བྱོས་ཞེས་རྒྱབ་སྐྱོར་དང་སྐུལ་སློང་བྱེད་བཞིན་ཡོད། ཁོ་མོའི་སྐད་ཆ་ནི་སྦྲང་རྩི་བཞིན་ངའི་སེམས་ཀྱི་གསོ་སྨན་དུ་འགྱུར་བཞིན་ཡོད་ལ། ང་ལ་ནམ་ཡང་རེ་བ་དང་གསོན་ཤུགས་རྒྱས་སུ་བཅུག བདག་གིས་དེ་ཚོ་ཕྱིར་དྲན་བྱེད་ཐེངས་རེ་རེར། མིག་ཆུ་རང་དབང་མེད་པར་སེམས་སུ་བཞུར་ཞིང་། ཨ་ཕྱི་མེད་པའི་ལོ་ཟླ་འདི་དག་ནི་གདུང་འདེགས་ཀྱི་ཀ་བ་མེད་པའི་ཁང་བ་བཞིན་གཉོམ་ཆུང་བར་གྱུར།

      ངས་ཨ་ཕྱིའི་འདས་དོན་དྲན་ཐེངས་རེར། མ་བསམ་མ་དྲན་པར་མིག་མཐའ་མཆི་མས་གང་ཞིང་སེམས་སུ་ཉལ་བའི་ཚིག་གི་རྟ་ཕོ་འདྲོགས་སུ་བཅུག ཨ་ཕྱི་ལགས། ཁྱེད་མེད་པའི་ལོ་ཟླ་འདི་དག་གི་ནང་དུ་བདག་ནི་བསམ་ཤེས་མེད་པའི་བྱིས་པ་ཞིག་ནས་དོན་གང་ལའང་ཁྱེད་དང་འདྲ་བར་འབད་བརྩོན་བྱེད་པའི་གཞོན་ནུ་མ་ཞིག་ཏུ་ཆགས་ཚར། ཁྱེད་རང་བདག་དང་ཁ་བྲལ་ནས་ལོ་ངོ་མང་ཙམ་འདས་ཀྱང་། ང་དང་ནམ་ཡང་བྲལ་མ་མྱོང་བ་ནི་ཁྱེད་ཀྱི་བྱམས་བརྩེ་དང་སློབ་གསོ་ཡིན། ཨ་ཕྱི་ལགས། བདག་ནི་ཅི་འདྲའི་ལས་ངན་ཞིག་རེད་ཨང་། ཚེ་འདི་ལ་ཁྱེད་དང་འཕྲད་པའི་སྐལ་བ་ཡོད་ཀྱང་། གོ་སྐབས་འདི་ནི་ཅི་འདྲའི་ཐུང་བ་ལ་ཨང་། ཨ་ཕྱི་ལགས། བདག་གིས་ནམ་ཡང་ཁྱེད་ཀྱི་རེ་བ་ལྟར་འཚར་ལོངས་འབྱུང་བར་འབད་ཀྱིན་ཡོད།


  • ལེ་ཚན་སྔོན་མ།:རེ་སྙེག་གི་ཕུགས་འདུན་དྲོན་མོ།
  • ལེ་ཚན་རྗེས་མ།:ན་གཞོན་ཚོ་། མདུན་ནས་མདུན་དུ་སྐྱོད།