ཨང་རྟགས་ཉེར་བཞི་པ།

དགུ་གཉིས་འཛིན་གྲྭ༼ པདྨ་སྐྱིད།༽        2020-06-24

   ཨང་རྟགས་ཉེར་བཞི་པ། (24) ཨང་རྟགས་འདི་ནི། བུ་མོ་ངའི་སེམས་ནང་ནས་ཆེས་ཡལ་བར་དཀའ་བའི་ཨང་རྟགས་དེ་ཡིན་ལ། བསུབ་ཐབས་མེད་པའི་ཨང་རྟགས་དེ་ཡང་ཡིན།

ཨང་རྟགས་ཉེར་བཞི་པ་འདི་མནབས་པའི་མི་བུ། ཁྱེད་ནི་མཚོ་མི་རུ་ཁག་གི་སྣེ་ཁྲིད་པ་སྟེ། སྤོ་ལོའི་འགྲན་ར་ནས་རྟགས་མ་གང་མང་ཐོབ་དང་འཐོབ་བཞིན། སྐད་གྲགས་འཛམ་གླིང་ལ་ཁྱབ་པའི་མི་བུ་དཔའ་བོ་དེ་ཡིན། ཨང་རྟགས་ཉེར་བཞི་པ་མནབས་པའི་མི་བུ་དཔའ་བོ། ཁྱེད་ནི་བུ་མོ་ངའི་སེམས་ནང་གི་ཞེན་རྟེན་ངོ་མ་དེ་ཡིན།

   ཨང་རྟགས་ཉེར་བཞི་པ་མནབས་པའི་མི་བུ་དཔའ་བོ། ཁྱེད་རང་འཇིག་རྟེན་འདི་དང་ཁ་བྲལ་སོང་ཞེས་པའི་གཏམ་ངན་འདི་ཐོས་མ་ཐག་ཏུ། བུ་མོ་ངའི་བློ་ཁར། སྐྱོ་གདུང་གི་སྤྲིན་པ་རབ་ཏུ་འཁྲིགས་ཤིང་། ངུ་ངག་འདྲེས་མའི་དྲག་ཆར་རབ་ཏུ་བབས། ངས་ཁ་ནས་དབུགས་རིང་འབྱིན་གྱིན་སྨྲེ་ངག་ཡང་ཡང་བཏོན། དེ་ལྟར་ན། ང་ཡི་སེམས་ནི་གནམ་གཤིས་ངན་པའི་དབྱར་ཁའི་མཚན་མོ་ཞིག་གི་གཡོ་འགུལ་ཐམས་ཅད་དང་གཉིས་སུ་མ་མཆིས་ཨང་།

    བསམ་བློ་ཞིབ་ཏུ་བཏང་ནས་བློ་རིག་ནན་གྱིས་བསྒྲིམས་ན། ང་ཁྱེད་ཀྱི་སྙིང་སྟོབས་ལ་ནམ་ཡང་ཡིད་ཆེས་ཡོད་དེ། ཁྱེད་རང་འཇིག་རྟེན་འདི་དང་ཁ་བྲལ་སོང་ན་ཡང་། ཁྱེད་རང་འདི་ལས་ལྷག་པའི་འཇིག་རྟེན་གཞན་ཞིག་ཏུ་སྤོ་ལོའི་ཞིང་ཁམས་འཚོལ་དུ་སོང་བའམ། སྤོ་ལོ་ཞེས་པའི་ཐ་སྙད་འདི་གསར་གཏོད་དང་གསར་བསྐྲུན་བྱེད་པར་ཕེབས་པ་ཡིན་ཤས་ཆེ། ད་དུང་། ཁྱེད་རང་འཇིག་རྟེན་གཞན་ཞིག་ནས་སྤོ་ལོའི་འགྲན་སྡུར་དུ་ཞུགས་ནས་རྟགས་པ་རབ་དང་རིམ་པ་ལེན་བཞིན། ཁྱད་དུ་འཕགས་པའི་གཟི་བརྗིད་དང་སྤོབས་སེམས་ཀྱིས་སྤོ་ལོ་དང་སྤོ་ལོའི་ཁྱབ་ཁོངས་ལས་འདས་པའི་སེམས་ཅན་མང་པོར་ཡིད་ཆེས་དང་རེ་བ་བསྩལ་དུ་བྱོན་པ་ལགས།

    ཨང་རྟགས་ཉེར་བཞི་པ་མནབས་པའི་མི་བུ་དཔའ་བོ། ཁྱེད་ནི་བུ་མོ་ངའི་སེམས་ནང་ནས་ཆེས་ཡལ་བར་དཀའ་ཞིང་བསུབ་དུ་མེད་པ་དེ་ཡིན་ལ། ནམ་ཡང་ངའི་སེམས་སུ་ཉར་བའི་ཞེན་རྟེན་ཡང་ཡིན། ཁྱེད་ནི་གཟི་བརྗིད་དང་ལྷག་བསམ་གྱིས་ཕྱུགས་པའི་མི་བུ་དེ་ཡིན་ལ། ཨང་རྟགས་ཉེར་བཞི་པ་མནབས་ནས་ཨང་རྟགས་དེ་ཉིད་ཆེས་རླབས་ཆེ་བར་གཏོང་མཁན་དེ་ཡང་ཡིན།



  • ལེ་ཚན་སྔོན་མ།:ཡུམ་ཆེན་ལགས། འོ་བརྒྱལ་ཆེ་སོང་།
  • ལེ་ཚན་རྗེས་མ།:རེ་སྙེག་གི་ཕུགས་འདུན་དྲོན་མོ།