མདོ་ཁམས་གཡུ་ཁོག་ཡུལ་གྱི་བྱིན་ལྡན་གནས་རི་ཁག་ངོ་སྤྲོད།

གཡུ་ཁོག་ཡི་དམ་རྡོ་རྗེ།        2020-06-23

མདོ་ཁམས་གཡུ་ཁོག་ཡུལ་གྱི་བྱིན་ལྡན་གནས་རི་ཁག་ངོ་སྤྲོད།

   མི་ཡུལ་གྱི་དག་ཞིང་དུ་གྲགས་པའི་གནས་མཆོག་ཆེན་པོ་གཡུ་ཁོག་ཡུལ་གྱི་སྟོད་སྨད་བར་གསུམ་ཀུན་ན་རྒྱལ་དབང་ཨོ་རྒྱན་པདྨ་དང་། ལོ་ཆེན་བཻ་རོ་ཙ་ན། དཔལ་རྒ་ལོ་པ་སོགས་དམ་པའི་སྐྱེས་བུ་དུ་མས་ཞབས་ཀྱིས་བཅགས་ཤིང་སྒྲུབ་པ་མཛད། ཆོས་ནོར་གྱི་གཏེར་ཁ་དཔག་ཏུ་མེད་པ་སྦས་ཤིང་བྱིན་གྱིས་བརླབས་པའི་གནས་རི་དུ་མ་ཞིག་ཡོད་ཏེ།  གཡུ་སྟོད་ན་ཨོ་རྒྱན་ཆེན་པོས་སྒྲུབ་པ་མཛད་པའི་གནས་མཆོག་གཡུ་ཁྲོམ་གངས་ཀྱི་ར་བ། ཤུག་འདབས་ཁོག་ན་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་། དཔལ་གྱི་ཙཱ་རི་ཊ་གཉིས་པར་བསྔགས་པ་གནས་ལུང་དཔལ་གྱི་རི་བོ། གནས་འདི་ནི་ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱིས་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྤྲེལ༼ ༡༨༢༤༽ གྱི་ལོར་གནས་སྒོ་ཕྱེས། འདི་ལ་ལོ་ཆེན་བཻ་རོ་ཙ་ན། ལྕམ་བླ། ཧོར་བླ་གཞན་ཕན། རྒྱ་སྤྲུལ་གསུམ་པ་བཅས་ཀྱིས་མཛད་པའི་གནས་ཡིག་དང་གནས་སྲུང་དབང་བསྡུད་ལྷ་རྩེའི་བསང་ཡིག་བཅས་ཡོད། རིགས་གསུམ་མགོན་པོའི་བླ་རི།  གུ་རུའི་བཞུགས་ཁྲི། མཚོ་རྒྱལ་ཞབས་རྗེས་སོགས་མཇལ་རྒྱུ་ཡོད། ཤིང་སྤྲེལ་ལོ་ལ་གནས་འདུས་ཡོད་པར་གསུངས། གཡུ་མཁར་རལ་གྲིའི་ཐང་རྩེ་ན་གླིང་གེ་སར་རྒྱལ་པོས་བླ་གཡུ་གཏེར་དུ་སྦས་པ་དང་། སྤྱི་དཔོན་རྒྱལ་པོས་སྒྲུབ་པ་མཛད་པ། རིག་འཛིན་ལུང་རིག་གླིང་པས་དགོངས་གཏེར་མཁའ་འགྲོའི་བརྡ་མཛོད་ཀྱི་སྒོ་འཕར་ཕྱེ་བའི་གནས་མཆོག་དབྱི་སྙིང་པདྨ་རྣམ་པར་བཀྲ་བའི་གནས། འདི་རབ་བྱུང་བཅོ་ལྔ་པའི་ནང་རྒྱ་ལྷ་མོ་ཚེ་རིང་གིས་གནས་སྒོ་ཕྱེས་ཤིང་གནས་ཡིག་ཕབ། ཤིང་གླང་བོད་ཟླ་བཅུ་པའི་ཚེས་བཅུ་ནས་མེ་སྟག་བོད་ཟླ་བཅུ་པའི་བར་གནས་འདུས་ཡོད་པར་གསུངས། ཆུ་དཀར་ཁོག་ན་རིགས་གསུམ་སེམས་དཔའི་གནས་རི་སྦས་ཡོལ་དགའ་བ་ལྗོངས། རབ་བྱུང་བཅོ་ལྔ་པའི་ནང་ཨ་ཚབ་བླ་མ་ཀུན་མཁྱེན་སྐྱབས་ཀྱིས་གནས་སྒོ་ཕྱེས། སྒོ་འཛུ་ལུང་རྟོགས་ཀྱིས་གནས་ཡིག་ཕབ། རིགས་གསུམ་སེམས་དཔའི་གནས་རི་དང་རང་བྱོན་མང་པོ་བཞུགས། ཡོས་ཀྱི་ལོ་ལ་གནས་འདུས་ཡོད།  གཡུའི་ཆུ་དབར་ཁོག་ན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་སྟེ། སྟོད་ན་ཆོས་སྐུའི་མཁའ་འགྲོ་རྡོ་རྗེ་ཕག་མོའི་གནས་མཚོ་མདའ་ཙཱ་རི་གཉིས་པ། རབ་བྱུང་བཅུ་དྲུག་པའི་ས་སྟག༼ ༡༩༣༨༽ ལོར་ཆ་ནང་སྤྲུལ་སྐུ་མི་ཕམ་རྒྱ་མཚོས་གནས་སྒོ་ཕྱེས་ཤིང་སུརྱའི་མིང་གིས་མཛད་པའི་གནས་ཡིག་དང་གནས་སྲུང་ཞིང་སྐྱོང་སེང་གདོང་གི་བསང་མཆོད་བཅས་ཡོད། གུ་རུའི་ཞབས་རྗེས། བཻ་རོའི་བཞུགས་ཁྲི་དང་དབུ་ཞྭ། མཁའ་འགྲོའི་ཚོགས་གཞོང་སོགས་རང་བྱོན་དུ་མ་བཞུགས། ས་སྟག་ལོར་གནས་འདུས་ཡོད། བར་ན་ལོངས་སྐུའི་མཁའ་འགྲོ་རྒྱལ་ཡུམ་སྒྲོལ་མ་ཉེར་གཅིག་གི་གནས་ཏཱ་རེ་མི་འགྱུར་དགའ་ཚལ། རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ༼ ༡༨༩༣༽ ལོར་ཧོར་བླ་གཞན་ཕན་བཟང་པོས་གནས་སྒོ་ཕྱེས། འདི་ལ་ཧོར་བླ་རང་གིས་ཕབ་པའི་གནས་ཡིག་ཚན་པ་གསུམ་དང་གནས་བདག་རི་རྒྱལ་འཕན་ཕྱུག་སོགས་ཀྱི་བསང་མཆོད། རྒྱ་སྤྲུལ་ལུང་རིག་གླིང་པས་མཛད་པའི་གནས་ཀྱི་ལུང་བྱང་། རྫོགས་ཆེན་པདྨ་སྐལ་བཟང་གིས་མཛད་པའི་གནས་བསྟོད་སོགས་ཡོད། དུང་དཀར་རང་བྱོན། གུ་རུའི་བཞུགས་ཁྲི། མ་མགོན་ཐོད་མཁར་སོགས་རང་བྱོན་མང་པོ་དང་། ཤིང་རྟ་ལོའི་ཟླ་དྲུག་པ་ནས་ཤིང་ལུག་ཟླ་གཉིས་པའི་ནང་བར་གནས་འདུས་ཡོད་པར་གསུངས། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་འཁྲུངས་གནས་དང་མ་ཎི་དུང་མཁར་ཆེན་མོ་སོགས་ཡོད། སྨད་ན་སྤྲུལ་སྐུའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གནས་དེའུ་དཔལ་གྱི་རི་བོ། རབ་བྱུང་བཅུ་དྲུག་པའི་མགོར་གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ་རོལ་པའི་རྡོ་རྗེས་ཟངས་མདོག་དཔལ་རི་ཡིན་པར་གསུངས། གུ་རུའི་དབུ་ཞྭ་སོགས་མཇལ་རྒྱུ་ཡོད། སྦས་ལུང་གསེར་ཁ་ན་རིགས་ལྔའི་མཁའ་འགྲོའི་འདུ་གླིང་མཁའ་སྤྱོད་དགའ་བའི་ཚལ། འདི་ལ་བླ་མ་འཇའ་ཆོས་ཀྱིས་མཛད་པའི་གནས་ཡིག་ཡོད། སྒེགས་ལུང་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་མ་ཎི་རང་བྱོན། ཧོར་བླ་གཞན་ཕན་པས་གནས་སྒོ་ཕྱེས་ཤིང་གནས་ཡིག་དང་གནས་སྲུང་གཟའ་ཁྱབ་འཇུག་ཟླ་བ་ཐོད་དཀར་དང་། ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་གཉིས་ཀྱི་བསང་མཆོད་བཅས་ཕབ། བཻ་རོའི་ཕྱག་བྲིས་མ་ཎི་རང་བྱོན་བཞུགས། ངེས་ལེགས་ན་ངེས་ལེགས་བླ་རབས་རིམ་བྱོན་གྱི་གདན་ས་བསམ་གཏན་གླིང་། འདི་ལ་སྔོན་རྫོགས་སྤྲུལ་གཉིས་པ་དང་བཞི་པ། རྒྱ་སྤྲུལ་སོགས་ཀྱིས་མཛད་པའི་གནས་ཡིག་ཡོད་པར་བཤད། བོལ་གོང་ལྡོང་རི་ན་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གནས་ཡིག་དྲུག་རང་བྱོན། སྦས་གནས་ན་ལོ་ཆེན་བཻ་རོ་ཙ་ན་སོགས་ཀྱི་སྒྲུབ་གནས་རི་བོ་ཏ་ལ། གནས་འདི་གཉིས་རབ་བྱུང་བཅོ་ལྔ་པའི་ནང་རྒྱ་ལྷ་མོ་ཚེ་རིང་གིས་གནས་སྒོ་ཕྱེས་པ་ཡིན། ལྡོང་རི་ལ་མགོ་སྤྲུལ་གྱིས་མཛད་པའི་གནས་ཡིག་ཞིག་ཡོད་པར་བཤད། གནས་སྲུང་མགོན་པོ་ལེགས་ལྡན་གྱི་བསང་མཆོད་ཡོད། ལྷ་ལུང་དཔལ་རྡོར་གྱི་ཕྱག་བྲིས་མ་ཎི་ཡིག་དྲུག་བཞུགས། ལུག་གི་ལོ་ལ་གནས་འདུས་ཡོད། སྦས་གནས་ལ་རས་པ་གསལ་སྟོབས་ཀྱིས་མཛད་པའི་གནས་ཡིག་ཞིག་དང་གནས་སྲུང་གསང་སྔགས་བསྟན་སྐྱོང་གི་བསང་མཆོད། བཻ་རོ་དང་ལྷ་ལུང་དཔལ་རྡོར་གཉིས་ཕྱག་བྲིས་ཡིག་དྲུག་གཉིས་སོགས་བཞུགས། རྟ་ཡི་ལོ་ལ་གནས་འདུས་ཡོད། ས་མུ་ངོས་ན་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་གནས་གསང་ཆེན་རྡོ་རྗེའི་བྲག་རྫོང༡། གླ་ཡུམ་ན་སྤྱན་རས་གཟིགས་ཀྱི་གནས་གྲུ་འཛིན་བདེ་ཆེན་འགྱུར་མེད་ལྷུན་གྱིས་གྲུབ་པའི་རྫོང་དཔལ་ལྡན་ཡོན་ཏན་བརྩེགས་པའི་དགའ་ཚལ༢། རི་རྨོག་ཆེན་ན་སྐུ་གསུམ་སྟོན་པའི་གནས་རི་རྨོག་ཆེན་རྣམ་རྒྱལ་བྲག་རྫོང༣། ཁོ་ཁོ་ན་འཆི་མེད་ཚེ་ལྷའི་གནས་རི་འོག་མིན་རིགས་གསུམ་འཆི་མེད་གྲུབ་པའི་རྫོང༤། ཤོག་བཞི་ན་འཇིགས་བྱེད་ཀྱི་གནས་རི་བདེ་ཆེན་དབང་དྲག་རོལ་པའི་རྫོང༥། རྫ་ས་དམར་ན་ཨོ་རྒྱན་ཆེན་པོའི་སྒྲུབ་གནས་དཔལ་རི་བདེ་ཆེན་རྫོང༦། རྫ་བྲག་མདོ་ན་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་གནས་རི་བྲག་དམར་བདེ་གཤེགས་འབུམ་རྫོང༧། གནས་འདི་བདུན་པོ་ནི་རབ་བྱུང་བཅོ་ལྔ་པའི་མཇུག་དང་བཅུ་དྲུག་པའི་སྟོད་རྣམས་སུ་མགོ་སྤྲུལ་གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་གནས་སྒོ་ཕྱེས་ཤིང་སོ་སོར་གནས་ཡིག་དང་གནས་སྲུང་གི་བསང་ཡིག་མཛད། རང་བྱོན་སྣ་ཚོགས་བཞུགས། འཁྱིལ་ཆེན་ཁོག་ན་མ་གཤིན་ཕུར་གསུམ་གྱི་གནས་རི་དང་། དཔོན་བླ་དགེ་འདུན་རྒྱ་མཚོའི་སྒྲུབ་གནས་གླག་ཚང་དཔལ་རི་གཉིས་པ་སོགས་ཁྱད་འཕགས་བྱིན་ལྡན་གྱི་སྒྲུབ་གནས་དབེན་རི་དུ་མས་འབྲེལ་ཚད་བདེ་ལ་འགོད་པའོ།། གནས་འདི་དག་གི་རང་བཞིན་རྒྱས་པར་ཤེས་འདོད་ན་མདོ་ཁམས་གཡུ་ཁོག་ཡུལ་གྱི་གནས་ཡིག་ཕྱོགས་བསྒྲིགས་དགེ་མཚན་བྱེ་བའི་འོད་སྣང་ལ་གཟིགས་པར་འཚལ་ལོ།།

  • ལེ་ཚན་སྔོན་མ།:མདོ་ཁམས་གཡུ་ཁོག་ཡུལ་གྱི་གཏེར་སྲུང་རྨ་རྒྱལ་གཡང་ལྷ།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་སྟེང་ཆེན་ཤུལ་དབེན་ཁྲོད་ཀྱི་བྱུང་བ་ཉུང་ཙམ་བཤད་པ།
  • དོ་སྣང་ཆེ་བའི་རྩོམ།