ཀརྨ་ཀཾ་ཚང་དང་གཡུ་ཁོག་སྡེ་དགོན་བར་གྱི་འབྲེལ་བ།

གཡུ་ཁོག་ཡི་དམ་རྡོ་རྗེ།        2020-06-23

ཀརྨ་ཀཾ་ཚང་དང་གཡུ་ཁོག་སྡེ་དགོན་བར་གྱི་འབྲེལ་བ།

   སྔོན་གྱི་དུས་སུ་མདོ་ཁམས་གཡུ་ཁོག་གི་ཡུལ་འདི་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་དགོན་པ་དང་སྡེ་འབངས་ཡིན་པར་འདུག་མོད། སྒྲུབ་རྒྱུད་ཀརྨ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་སྐྱེས་བུ་དམ་པ་དུ་མ་བྱོན་ནས་སྒྲུབ་པ་ཉམས་བཞེས་མཛད་པ་སོགས་ཀྱི་ལོ་རྒྱུས་དུ་མ་ཡོད། དེ་ཡང་རབ་བྱུང་དྲུག་པའི་ས་ཕག༼ ༡༣༥༩༽ ལོ་ཀརྨ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་རྒྱ་ནག་ཏུ་ཕེབས་པའི་ཞོར་དུ་ཡུལ་འདིར་ཕེབས་ནས་དད་ལྡན་མང་ཚོགས་ལ་ཟབ་ཆོས་གསུངས་ཤིང་རྡོ་རྗེ་གཡུ་ཁྲོམ་དུ་སྒྲུབ་པ་མཛད་ཚུལ་ལྷོ་རོང་ཆོས་འབྱུང་དུ། མེ་ཉག ཚ་འཕྲང་། རྒྱལ་མོ་རོང་གསུམ་གྱི་དབུས་རི་རྡོ་རྗེ་གཡུ་ཕྲོམ་དུ་བཞུགས། ཉམས་ལེན་རྡོ་རྗེའི་མགུར་དང་། གཟིགས་སྣང་ངོ་མཚར་བ་མང་པོ་མཛད། ཅེས་གསུངས། རབ་བྱུང་བདུན་པའི་ནང་མི་ཉག་མཁས་དབང་འཇམ་དབྱངས་གྲགས་པ་ཆོས་ཁྲིའི་ཐང་དུ་ཕེབས་ནས་ཕྱོགས་ཀྱི་དད་ལྡན་རྣམས་ལ་ཆོས་བཀའ་བསྩལ་ཞིང་ཀརྨ་པ་རོལ་པའི་རྡོ་རྗེའི་ཆོས་ཁྲི་ཞིག་གསོ་མཛད་ཅིང་གཡུའི་ཆོས་ཁྲི་ཐང་ཞེས་ས་མིང་བཏགས་པར་བཤད་ཚུལ་ཡང་འཇམ་དབྱངས་གྲགས་པའི་རང་རྣམ་དུ། དེ་ནས་སྟ་བུ། ཚ་འབྲང་། རྒྱལ་མོ་རོང༼  རྟའུ། ཚ་འཕྲང་། རྒྱལ་རོང་གསུམ་ཡིན་པར་སྣང་། མཆན། ༽ གསུམ་གྱི་དབུས་རྡོ་རྗེ་གཡུ་ཁྲོམ་གྱི་ཞོལ། ཆོས་ཀྱི་རྗེ་རོལ་པའི་རྡོ་རྗེའི་ཆོས་ཁྲིའི་སར། ཕྱོགས་ཀྱི་མི་སྡེ་ཚན་ཆེ་བ་ཆོས་བསྐུལ་གསུང་རབ་ཀྱི་རབ་གནས། ཆོས་ཁྲི་ཞིག་གསོ་སོགས་བྱས། ཞེས་གསུངས། རབ་བྱུང་བཅུ་གཅིག་པའི་ནང་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ། རིམ་གྲོ་པ་ཀུན་ཏུ་བཟང་པོ། ཞྭ་དམར་བདུན་པ་ཡེ་ཤེས་སྙིང་པོ་བཅས་གཡུ་ཁོག་ཏུ་དཔལ་རྒ་ལོ་པའི་སྒྲུབ་གནས་ཡོད་པ་མཇལ་དུ་ཕེབས་ནས་སྒྲུབ་པ་ཉམས་བཞེས་སོགས་མཛད། རབ་བྱུང་བཅུ་གསུམ་པའི་ནང་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་གཡུའི་ཆོས་ཁྲི་ཐང་ནས་ཆོས་འཁོར་བསྐོར་བར་མཛད། དེ་དག་ལས་ཀྱང་ཀརྨ་པ་སྐུ་ཕྲེང་བཅུ་པ་མཆོག་གཡུ་ཁོག་གི་ར་ཤུའི་སོ་མཁར་དང་། མཆིག་སྟོད་སོགས་ནས་སྒྲུབ་པ་ཉམས་བཞེས་མཛད་ནས་བཞུགས་པའི་སྒྲུབ་ཁང་དང་། ཆོས་ཁྲི། ཀརྨ་པ་བྱ་རྒོད་དུ་སྤྲུལ་ནས་བབས་པའི་རྗེས་སོགས་ཡོད་པ་དང་། གཡུ་མཁར་ཐང་དུ་ཁོང་གི་ཞལ་མཆིལ་རྡོ་ལ་ཐེབས་པ་དྷི་ཡིག་ཏུ་གྱུར་པ་དུས་འགྱུར་གྱི་སྔོན་བར་ཡོད། སྐབས་དེར་གཡུ་ཁོག་ན་འབྲོག་སྡེ་ཞིག་ཡོད་ཀྱང་དཔོན་མེད་པར་སྡེ་འཐོར་དུ་གནས་པར་བཤད། ཁོང་གིས་གཡུའི་ཆོས་ཁྲི་ཐང་དུ་མང་ཚོགས་ལ་ཆོས་གསུངས། སྡེ་བ་ལ་སྤྱི་ཁྱབ་ཀྱི་དཔོན་ཞིག་མེད་ན་མི་བཟང་བས་དཔོན་ཞིག་བསྐོས། དཔོན་བསྐོ་ཚུལ་སྔོན་ཁྲ་མོ་གླིང་གིས་དཔོན་ཐོབ་དང་། གླིང་བཟའ་འབྲུག་མོ་རྟ་རྒྱུག་གི་གཏང་མར་བཞག་པའི་ལུགས་ལྟར་རྟ་རྒྱུག་གི་གཏང་མ་སུས་ཐོབ་པ་ལ་གཡུ་ཁོག་པའི་དཔོན་ཐོབ་གཏད་རྒྱུ་གྱིས་དང་། དེའི་བཙུན་མོར་ཁོང་གི་ཚ་མོ་ཡང་སྟེར་གསུངས་པས་ཀུན་གྱིས་ཁོང་གི་གསུང་ལ་མངོན་པར་བསྟོད་ནས་རྟ་རྒྱུག་བྱས་པས་གེ་འཕན་རིགས་ཀྱི་བུ་ཝ་ཤུལ་ཟེར་བ་ལ་མགྱོགས་དར་ཐོབ་ནས་དཔོན་ས་བཟུང་། དེ་ཚུན་ཆད་ཀྱི་གཡུ་ཁོག་པའི་དཔོན་རྣམས་ཀྱི་མིང་ལ་ཀརྨ་དབང་ཕྱུག ཀརྨ་དོན་གྲུབ། ཀརྨ་ཆོས་གྲགས་སོགས་ཟེར་བ་ནི་ཀརྨ་པ་དང་འབྲེལ་ཆེ་བའི་དབང་གིས་དེ་ལྟར་བཏགས་པ་ཡིན་པར་བཤད་དོ། །གཞན་ཡང་དཔའ་བོ་ཕྲིན་ལས་རྒྱ་མཚོ༼ ༡༦༥༠ ─༡༦༩༩༽ གཡུ་ཁོག་ཏུ་འཁྲུངས་ཡོད་པ་ཀརྨ་པས་ངོས་འཛིན་དང་སྐུ་བདག་མཛད། སྨར་ཁོག་ཏུ་ཞྭ་དམར་ཡེ་ཤེས་སྙིང་པོ་ངོས་འཛིན་དུ་ཕེབས་ཚུལ་རིམ་གྲོ་པ་ཀུན་ཏུ་བཟང་པོ་སོགས་ཀྱིས་བསྐུལ་ངོར་བྱང་ཆུབ་སེམས་དཔའི་རྟོགས་བརྗོད་ཀ་ལ་པིངྐའི་ལམ་གླུ་ཞེས་པ་གཡུ་ཁོག་ཏུ་མཛད། ཀརྨ་པའི་ཞབས་རྗེས་ཤིག་གཡུ་ཁོག་ཏུ་ཡོད་པར་རྣམ་ཐར་དུ་བཤད་ཀྱང་གང་དུ་ཡོད་གསལ་བར་མ་ངེས། གཡུའི་འཁྱིལ་ཆེན་གྱུ་ཁུག་མར་མདའ་རུ་རྡོ་ཕ་བོང་ཞིག་གི་ངོས་སུ་ཀརྨ་པའི་རྟ་རྗེས་ཞེས་པ་ཞིག་དེང་སྐབས་ཀྱང་ཡོད།  གཡུའི་ཀ་མཚེར་གཤོང་དུ་གཡུང་དྲུང་བོན་གྱི་ཆོས་རྒྱུད་འཛིན་པའི་དགོན་པ་ཞིག་ཡོད་པའི་བསྟན་བདག་བླ་མ་གཡུང་དྲུང་རྒྱལ་མཚན་གྱིས་ཁོང་གཙུག་ཏུ་བཀུར། དེ་ནས་ཁོང་རྣམ་གཉིས་དགོན་ས་གསར་དུ་འདེབས་པར་བགྲོས་ནས་ས་གཟིགས་སུ་ཕེབས་པས་ར་ཆགས་མར་མདའི་མཁལ་ཁུག་དུ་ས་དཔྱད་བཟང་བར་གསུངས་ནས་ལྷ་ཁང་གི་རྩིག་རྨང་བཏིང་བ་ན། རལ་གྲིའི་ཐང་རྩེ་རུ་རྟེན་འབྲེལ་གྱི་གནད་ལ་བརྟེན་ནས་ད་ལྟའི་གཡུ་མཁར་དགོན་པ་ཡོད་ས་འདིར་དགོན་པ་གསར་བཞེངས་མཛད་ནས་སྒྲུབ་རྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཏུ་གྱུར་པ་ཡིན་ནོ།།ཡུལ་འདིའི་གཞི་བདག་རྣམས་ཀྱང་སོ་སོའི་བསང་ཡིག་ཏུ།། སྔོན་གྱི་ཐ་ཚིག་གཡུང་དྲུང་བོན་ལ་སྔ། ཞེས་དང་། བཀའ་བརྒྱུད་ཀྱི་བླ་མ་འགའ་ཞིག་གིས། །བཀའ་བསྒོ་དང་དམ་བཞག་མཛད་པའི་ཚེ། ཞེས་སོགས་གསུངས་པ་ལྟར་ཐོག་མ་བོན་གྱི་བསྟན་པ་སྐྱོང་བའི་ཡུལ་ལྷ་ཡིན་པ་ཕྱིས་སུ་ཀརྨ་པ་སོགས་ཀྱིས་བཀའ་དང་དམ་ལ་བཞག་པར་ཡང་གསལ། དེ་ནས་བཟུང་མི་ལོ་བརྒྱ་དང་ལྔ་བཅུ་ཙམ་གྱི་རིང་བླ་མ་སུ་དང་སུས་དགོན་པ་ཇི་ལྟར་བསྐྱངས་ཚུལ་སོགས་ཀྱི་ངག་རྒྱུན་དང་ཡིག་ཆ་མི་སྣང་བས་གསལ་བཤད་བྱེད་ཐབས་བྲལ། རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ༼ ༡༨༢༡༽ ལོར་གཡུ་དཔོན་ཀརྨ་ཆོས་གྲགས་ཀྱིས་གཡུ་དགོན་བསྐྱར་བཞེངས་བྱེད་སྐབས་ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་ཕེབས་ནས་ས་འདུལ་སོགས་མཛད། ཤིང་ལུག༼ ༡༨༣༥༽ ལོར་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་དུ་བསྒྱུར་བས་དུས་དེ་ནས་བཟུང་སྔ་འགྱུར་རྫོགས་ཆེན་པའི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཏུ་གྱུར་པ་ཡིན་ནོ།།


  • ལེ་ཚན་སྔོན་མ།:མི་རྗེ་གཉའ་ཁྲི་བཙན་པོའི་རིགས་ལས་མཆེད་པའི་གཡུ་ཁོག་དཔོན་ཚང་གི་ཁྱིམ་རྒྱུད།
  • ལེ་ཚན་རྗེས་མ།:འབའ་པའི་ཡུལ་གྱི་འཛིན་སྐྱོང་མངའ་བདག་འབའ་ སྡེ་པའི་བྱུང་རབས་སྐོར་ལ་དཔྱད་པ།